བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

3 hours ago

ཕྱི་ཟླ་ ༩ ཚེས་ ༢༡ ནས་ ༢༧ བར་བདུན་ཕྲག་གཅིག་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ནས་གནས་ཡུལ་སོ་སོར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ལོ་རེའི་ཕྱི་ཟླ་ ༩ བའི་བདུན་ཕྲག་བཞི་པར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་བརྩི་སྲུང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག་ཅིང་། ལས་འགུལ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དང་ས་གནས་མགོ་འཛིན་ལས་ཁུངས་ཁག དེ་བཞིན་ཁྱབ་ཁོངས་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བ་དང༌། བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་བ་བཅས་དང་། བོད་མིའི་ཚོགས་སྐྱིད་དང་ལས་འགུལ་བ་ཡོངས་ནས་སོ་སོའི་གནས་ཡུལ་ས་གནས་ཁག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་དང་། དེ་བཞིན་བོད་ཀྱི་རིག་གཞུང་དང་ཆབ་སྲིད། སྐད་ཡིག་དང་སྒྱུ་རྩལ་གཅེས་སྲུང་སོགས་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་སྤེལ་དགོས་སྐོར་རེད་འདུག

གསལ་བསྒྲགས་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དང་འབྲེལ་ནས་ལས་འགུལ་གྱི་གཙོ་གནད་བསྒྲགས་ཚིག་འགའ་ཐེར་འདོན་བྱས་ཤིང་། དེ་དག་གི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བཀག་སྡོམ་བྱས་པའི་མི་རིགས་རྩ་གཏོར་དང་། འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཡིན་པ།  རྒྱ་ནག་གི་རྩ་ཁྲིམས་ཀྱིས་མི་རིགས་སོ་སོར་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་ཡོད་པ་དང་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་འགན་ལེན་བྱས་ཡོད་པ་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་པ། ཁྲིམས་ཡིག་དེ་ནི་བོད་དང་ཆོས་རིག་གི་འབྲེལ་བ་ཡོད་པ་དང་། ཆབ་སྲིད་ཀྱི་འབྲེལ་བ་འཛིན་མཁན་ཚང་མར་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་པའི་ལག་ཆ་ཞིག་ཡིན་པ། ད་དུང་ཁྲིམས་ཡིག་དེ་ནི་རྒྱ་ནག་རྒྱལ་ཁོངས་སུ་བཅུག་པའི་མི་རིགས་རྣམས་ཀྱི་མཐུན་སྒྲིལ་ལ་སྐུལ་འདེད་ཀྱི་ཆེད་དུ་མ་ཡིན་པར། མི་རིགས་རྣམས་རྒྱ་རིགས་ཁེར་རྐྱང་གི་ཀྲུང་ཧྭ་མི་རིགས་ཟེར་བ་དེའི་ཁོངས་བསྲེས་བསྒྱུར་ལ་དམིགས་པ་ཞིག་ཡིན་པ་གསལ་འདོན་བྱ་རྒྱུ་བཅས་འདུག

གསལ་བསྒྲགས་དེར་དོན་ཚན་དྲུག་འདུག་ཅིང་། ༡། བོད་མིའི་ཚོགས་སྐྱིད་དང་། ལས་འགུལ་བ་ཡོངས་ནས། སོ་སོའི་གནས་ཡུལ་ས་གནས་ཁག་ཏུ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་དང་འབྲེལ་བའི་ཆབ་སྲིད་དང་། རིག་གཞུང་། སྒྱུ་རྩལ་གྱི་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་དང་།  ༢། སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོའི་འགན་ཁུར་འོག ཁྱབ་ཁོངས་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བ་དང༌། བོད་རིགས་ཚོགས་པའམ། བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་བ་བཅས་ནས་སྣེ་ཁྲིད་དེ། རྒྱལ་ཁབ་ཁག་གི་དབུས་དང་ས་གནས་གྲོས་ཚོགས་སུ་ཁྲིམས་ཡིག་དེར་ངོས་ལེན་མེད་པ་དང་། ངོ་རྒོལ་གདོང་ལེན་གྱི་གྲོས་ཆོད། དབུས་དང་ས་གནས་སྲིད་གཞུང་ནས་ལངས་ཕྱོགས་བསྒྲགས་གཏམ།

རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་དམ། ལངས་ཕྱོགས་བསྒྲགས་གཏམ། བློ་འདོན་བསྟི་གནས་ཁང་ཁག་ནས་ཆེད་དོན་ཉམས་ཞིབ་ཀྱི་སྙན་འདོན་སྤེལ་དང་། བརྒྱུད་ལམ་ཁག་ནང་ཆེད་དོན་དཔྱད་རྩོམ་དང་གནས་ཚུལ་འགོད་སྤེལ། དབྱེ་ཞིབ་བགྲོ་གླེང་། གྲོང་ཁྱེར་ཆེ་ཁག་ནང་ཁྲིམས་ཡིག་དེའི་ངན་བྱུས་སྐོར་མཁས་པའི་ཆེད་དོན་བགྲོ་གླེང་། ལས་འགུལ་སྐོར་གྱི་གནས་ཚུལ་དང་། ཡིག་ཆ་རྣམས་སྐད་ཡིག་ཆེ་ཁག་ཏུ་ཕབ་བསྒྱུར་གྱིས་འགྲེམས་སྤེལ་རྒྱ་ཁྱབ་ཡོང་ཐབས་བྱ་རྒྱུ།

༣། སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་སུ་རྒྱ་གཞུང་གི་མི་རིགས་རྩ་གཏོར་གྱི་སྲིད་ཇུས་དང་འབྲེལ་བའི་གྲོས་ཆོད་དང་། བསྒྲགས་གཏམ། ཞིབ་འཇུག་སྙན་ཇི་ཐོན་ཕྱོགས་བསྒྲིགས་ཀྱིས། ཕྱི་ཟླ་ ༩ ཚེས་ ༢༥ ཉིན། མཉམ་འབྲེལ་རྒྱལ་ཚོགས་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱི་དབུས་དང་ས་གནས་སྲིད་གཞུང་དང་གྲོས་ཚོགས། བློ་འདོན་ལྟེ་གནས།གསར་འགྱུར་བརྒྱུད་ལམ་སོགས་ལ་འབུལ་རྒྱུ།

༤། ཕྱི་ཟླ་ ༩ ཚེས་ ༢༣ ལྷག་དཀར་ཉིན། ང་བོད་པ་ཡིན། ངས་མ་ཎི་འདོན། ངས་བོད་སྐད་བཤད། ངས་བོད་གོས་གྱོན། ངས་བོད་ཟས་ཟ་ལ་སོགས་པའི་འབོད་ཚིག་དང་བསྟུན་པའི་བྱེད་སྒོ་རྣམས་ཁྱིམ་ཚང་ནས་འགོ་བཙུགས་། རང་རེའི་སྤྱི་ཚོགས་སུ་རྒྱུན་འཇགས་ཡོང་ཐབས་སྐུལ་སློང་བྱ་རྒྱུ། ༥། བོད་མི་ཚོགས་སྒེར་ཚང་མས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བརྩི་སྲུང་ཞུ་བའི་དགོས་དོན་དང་མཐུན་པའི་བྱེད་སྒོ་སྣ་ཚོགས་རྣམ་དཔྱོད་རྩལ་སྤྲུགས་ཀྱིས་སྤེལ་ཐབས་བྱ་རྒྱུ། ༦། བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བརྩི་སྲུང་དང་འབྲེལ་བའི་གཞུང་འབྲེལ་གྱི་ལམ་སྟོན་བྱེད་སྒོ་རྣམས་སྐབས་བསྟུན་གསལ་བསྒྲགས་ཀྱི་ལམ་ནས་ཡོང་རྒྱུ་ཡིན་འདུག

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་དེ་ནི། རང་དབང་ལུང་པར་གནས་འཁོད་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས། ལོ་རེའི་ཕྱི་ཟླ་ ༩ བའི་བདུན་ཕྲག་བཞི་པར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་ཅི་རིགས་སྤེལ་རྒྱུ་ཞེས་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༡ སྟེང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༦ ཀ སྤྱི་མོས་གཏན་འབེབས་དང་འཛིན་སྐྱོང་བཀའ་ཤག་ལྷན་ཚོགས་སུ་བཀའ་བསྡུར་གནང་སྟེ་གཏན་འཁེལ་བྱུང་བ་ཞིག་ཡིན་འདུག

The post བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། appeared first on བོད་ཀྱི་དུས་བབ།.

Original Article