མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་མཇུག་སྒྲིལ་བ།

3 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༣༡ ནས་ཕྱི་ཟླ་ ༠༩ ཚེས་ ༠༢ བར་ཉིན་གྲངས་གསུམ་རིང་དྷ་རམ་ས་ལར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། གླེང་སྟེགས་འདིའི་ཐོག་རྒྱ་གར་དང་། བྱང་ཨ་རི། ཁེ་ན་ཌ། ཨིན་ཡུལ། ཇར་མ་ནི། ནི་དར་ལེནྜ། ཨོསྟྲེ་ལི་ཡ། ཉི་འོང་། ཐའེ་ཝན། ལྷོ་སོག་བཅས་ཀྱི་རྒྱ་ནག་ཉམས་ཞིབ་པ་དང་། མཁས་དབང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁྱོན་ ༢༩ ཕེབས་ཡོད།

དེ་ཡང་གླེང་སྟེགས་ཐོག་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། བོད་ཀྱི་མ་འོངས་བཅས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་དང་། བོད་མི་དང་རྒྱ་ནག་མི་རིགས་གཉིས་ཀྱི་བར་གཉིས་མོས་བསམ་ཤེས་དང་ཡིད་ཆེས་གོང་མཐོར་གཏོང་རྒྱུར་དམིགས་ཡོད། དེ་བཞིན་ཡུན་གནས་འབྲེལ་ལམ་དང་། དངོས་ཡོད་མཉམ་ལས་བརྒྱུད་ནས་གཏན་འཇགས་མཉམ་ལས་འཛུགས་རྒྱུ་དང་ཆབས་ཅིག འཚེ་མེད་ཞི་བའི་ཞུ་གཏུག་ཐབས་བྱུས་མདུན་བསྐྱོད་བྱ་རྒྱུ་བཅས་ཡིན་པ་རེད།

མང་གཙོ་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་བོད་རྒྱའི་དཀའ་རྙོག་དང་། དབུ་མའི་ལམ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད། བོད་རིགས་དང་རྒྱ་རིགས་བར་མཉམ་ལས་ཀྱི་གལ་གནད་བཅས་ཀྱི་གནད་དོན་ཐོག་གསུང་བཤད་གནང་ཡོད།

ཐེངས་འདིའི་གླེང་སྟེགས་ཐོག་བསྒྲགས་གཏམ་ལྔ་གཏན་འབེབས་གནང་ཡོད་པ་དང་། བསྒྲགས་གཏམ་དེ་དག་གི་ནང་འཚེ་མེད་ཞི་བ་དང་། མཉམ་སྤྱོད་ཀྱི་མང་གཙོའི་མ་འོངས་པ། བོད་ཀྱི་མང་གཙོ་དང་ལོ་རྒྱུས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གི་ཁྲིམས་མཐུན་ཤུགས་རྐྱེན་བཅས་ཀྱི་གནད་དོན་སྐོར་བརྗོད་ཡོད།

བསྒྲགས་གཏམ་དང་པོའི་ནང་། འཚེ་མེད་ཞི་བ་ནི་ཐུན་མོང་གི་གཞི་རྩའི་རྩ་དོན་ཡིན་པ་བསྐྱར་ནན་གནང་ཡོད། མཉམ་ཞུགས་པ་རྣམས་ཀྱིས་བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བདེ་དང་། ཁ་ཡོད་ལག་ཡོད། གྲོས་མོལ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་སེལ་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་བ་དང་སྦྲགས། བོད་དང་རྒྱ་ནག་གི་མང་གཙོའི་ལས་འགུལ་གཉིས་ཀའི་ཐུན་མོང་གི་རྩ་དོན་ནི་འཚེ་མེད་ཞི་བའི་འགོག་རྒོལ་ཡིན་པ་ངོས་འཛིན་གནང་ཡོད།

བསྒྲགས་གཏམ་གཉིས་པའི་ནང་། མང་གཙོའི་མ་འོངས་པའི་ཆེད་ཐུན་མོང་གི་དམིགས་ཡུལ་ཞིག་དགོས་པ་བརྗོད་ཡོད། མཉམ་ཞུགས་པ་ཚོས་བཙན་བྱོལ་བོད་མི་དང་རྒྱ་ནག་གི་མང་གཙོ་ཚོགས་པ་དང་མི་སྒེར་བར་འབྲེལ་ལམ་དགོས་གལ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་ཉམས་མྱོང་གོང་འཕེལ་གཏོང་རྒྱུ་དང་། རྒྱ་ནག་ནང་རྒྱ་ཆེ་བའི་མང་གཙོའི་བརྒྱུད་རིམ་ལ་རྒྱབ་སྐྱོར་བྱེད་དགོས་པ་གསལ་སྟོན་གནང་ཡོད།

བསྒྲགས་གཏམ་གསུམ་པའི་ནང་། བོད་ཀྱི་མང་གཙོ་དང་། ལོ་རྒྱུས། བོད་རྒྱའི་འབྲེལ་ལམ། དབུ་མའི་ལམ་བཅས་ཀྱི་གོ་རྟོགས་གཏིང་ཟབ་གཏོང་རྒྱུར་དམིགས་ཡོད། གླེང་སྟེགས་འདིའི་ཐོག་རྒྱ་རིགས་མཉམ་ཞུགས་པ་ཚོར་བོད་མིའི་མང་གཙོའི་ལམ་ལུགས་དང་། ལོ་རྒྱུས་ཐོག་བོད་མིའི་སྣང་ཚུལ་སྐོར་ཤེས་རྟོགས་བྱུང་ཡོད་པ་མ་ཟད། བོད་མི་རྣམས་ལ་རྒྱ་ནག་གི་མང་གཙོའི་ལས་འགུལ་ཐོག་གོ་རྟོགས་གོང་མཐོར་གཏོང་བར་ཕན་ཐོགས་བྱུང་ཡོད། སྐབས་དེར་དབུ་མའི་ལམ་གྱི་གལ་གནད་དང་། བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་ཐོག་སེལ་ཐབས་ལ་འབྲེལ་བ་ཇི་ཡོད་སྐོར་གླེང་སློང་གནང་ཡོད།

བསྒྲགས་གཏམ་བཞི་པའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐོག་རང་དབང་ཅན་གྱི་རྒྱ་རིགས་རྣམས་ཀྱི་མཐོང་ཚུལ་བརྗོད་ཡོད། མཉམ་ཞུགས་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་གི་བདག་དབང་ཆ་ཚང་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ལ་ཡོད་པ་ལས། རྒྱ་ནག་གཞུང་ལ་གནད་དོན་འདིའི་ཐོག་ཐེ་བྱུས་དང་། བར་འདུམ། ཡང་ན་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་མེད་ཅེས་ཐུན་མོང་གིས་གཏན་འབེབས་གནང་ཡོད།

བསྒྲགས་གཏམ་ལྔ་པའི་ནང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཐོག་ཁྲིམས་མཐུན་དང་འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཚུལ་ནས་དཔྱད་ཞིབ་གནང་ཡོད། མཉམ་ཞུགས་པ་རྣམས་ཀྱིས་ཁྲིམས་ཡིག་དེའི་བོད་མི་དང་། ཡུ་གུར། ལྷོ་སོག དེ་བཞིན་གྲངས་ཉུང་མི་རིགས་གཞན་གྱི་སྐད་ཡིག་དང་། རིག་གཞུང་། ངོ་བོ་བཅས་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་ལ་སེམས་འཚབ་བསྟན་པ་དང་ཆབས་ཅིག ཁྲིམས་ཡིག་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་ཡོད།

གླེང་སྟེགས་ཀྱི་ཉིན་མཐའ་མར་མཉམ་ཞུགས་པ་རྣམས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་གནང་ཡོད། སྐབས་དེར་སྐུ་ཞབས་ཝང་དན་ལགས་ཀྱིས་མཉམ་ཞུགས་པའི་ཚབ་ཞུས་ཏེ་གསུང་བཤད་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་རིགས་མཁས་པ་དང་རྩོམ་པ་པོ་ཁག་གཅིག་གིས་བྲིས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐོག་རྒྱ་གཞུང་གིས་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་ (Chinese Authorities Have No Right to Interfere on the Reincarnation of the Dalai Lama) ཅེས་པའི་སྙན་ཐོ་ཕྱོགས་སྒྲིག་དབུ་འབྱེད་གནང་ཡོད།

གླེང་སྟེགས་ཀྱི་མཇུག་བསྡོམས་མཛད་སྒོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་བཤད་གནང་སྟེ་མཇུག་སྒྲིལ་ཡོད། གླེང་སྟེགས་འདི་བརྒྱུད་གཏན་འབེབས་གནང་བའི་བསྒྲགས་གཏན་ལྔ་དེ་དག་གིས་མ་འོངས་མུ་མཐུད་བྱེད་སྒོ་དང་། མཉམ་ལས། འཚེ་མེད་ཞི་བའི་ཞུ་གཏུག་གི་སྒྲོམ་གཞི་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དང་ཆབས་ཅིག མང་གཙོ་ཅན་དུ་སྒྱུར་རྒྱུར་མཐོང་རྒྱ་ཆེ་རུ་གཏོང་བ་དང་། བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་ཐོག་ནས་སེལ་ཐབས་ལ་ཕན་ཐོགས་གྲུབ་ཡོད་པ་བཅས།།

 

 

Original Article