རྒྱ་ནག་གི་དེང་རབས་རི་མོ་དང་འཇིམ་བཟོའི་སྒྱུ་རྩལ་བ་གོ་ཀྲན་གྱིས་མའོ་ཙེ་ཏུང་ལ་འཕྱ་སྨོད་ཀྱི་འབག་སྐུ་ཞིག་བཟོས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཧེ་པའེ་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས། རྒྱ་རིགས་སྒྱུ་རྩལ་བ་གོ་ཀྲན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དཔའ་བོའི་མཚན་སྙན་ལ་དམའ་འབེབས་དང་མི་མང་གི་མངོན་འདོད་ལ་གནོད་སྐྱོན་བཟོས་ཡོད་ཟེར་བའི་ཉེས་མིང་འོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཡོངས་བསྒྲགས་བྱས་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་བྱས་པའི་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་མི་སྣ་ཁག་ལ་མཐོང་ཆུང་དང་ཟུར་ཟ་བྱེད་མི་ཆོག་པའི་ཁྲིམས་ཟེར་བ་ཞིག་གི་འོག་ནས་གོ་ཀྲན་ལ་ཁྲིམས་ཐག་བཅད་ཡོད་སྟབས། ཁྲིམས་དེ་གཏན་འབེབས་མ་བྱས་གོང་ནས་བཟོ་སྐྲུན་བྱས་ཟིན་པའི་སྒྱུ་རྩལ་བརྩམས་ཆོས་དང་འབྲེལ་ནས་ལོ་ངོ་བཅོ་ལྔ་ལྷག་གི་རྗེས་ནས་ཉེས་ཆད་བཅད་པ་ནི་དྲང་བདེན་མིན་སྐོར་བརྗོད་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་སཱ་ར་ལགས་ཀྱིས། ཀྲན་གྱི་གྱོད་དོན་འདིས་རྒྱ་ནག་གི་ཆབ་སྲིད་ཀྱི་ཀུན་སློང་དང་ཚིག་འབྲི་དག་ཇི་ལྟར་རྒྱ་ཆེ་ས་ནས་བེད་སྤྱོད་བཏང་སྟེ། རྒྱ་ནག་གཞུང་གི་ཁ་གཏད་གཅོག་མཁན་སྒྱུ་རྩལ་བ་དང་ལས་འགུལ་བ། མི་སྒེར་སོགས་ལ་དྲག་གནོན་བྱེད་བཞིན་པ་མཚོན་ཡོད། ཅེས་དང་། གཞུང་འབྲེལ་གྱི་གཏམ་རྒྱུད་ལ་ཁ་གཏད་གཅོག་པའམ་ཡང་ན་ལོ་རྒྱུས་ཀྱི་སྐྱོན་གནད་ལ་བསམ་གཞིག་བྱེད་པར་སྐུལ་འདེད་གཏོང་བའི་སྒྱུ་རྩལ་པ་སུ་ལའང་ཁྲིམས་འགལ་གྱི་ཉེས་ཆད་གཅོད་མི་རུང་། ཞེས་བརྗོད་འདུག
གོ་ཀྲན་དང་གོ་ཆིན་སྤུན་ཟླ་གཉིས་ཀྱིས་ཕྱི་ལོ་ ༢༠༠༩ ལོར་ཁ་བྱང་ལ་ཡེ་ཤུའི་སྟོན་པ་དཀྲོངས་བ་ཞེས་མའོ་ཙེ་ཏུང་གི་འབག་སྐུ་མང་པོའི་ལག་ཏུ་མེ་མདའ་བཟུང་ནས་ཡེ་ཤུ་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་མ་ཤི་ཀར་དམིགས་འབེན་བཟུང་བའི་འབག་རིས་སྒྱུ་རྩལ་དང་། མའོ་ཙེ་ཏུང་གི་ནག་ཉེས་ཞེས་པ་སོགས་མའོ་དང་འབྲེལ་བའི་སྒྱུ་རྩལ་གང་མང་ཞིག་འགྲེམས་སྟོན་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་གོ་ཀྲན་ལ་ཁྲིམས་ཐག་བཅད་ཡོད་ཟེར་མོད། རྒྱ་ནག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་མང་པོས། རྒྱ་ནག་གཞུང་གིས་མི་སྒེར་གྱི་སྨྲ་བརྗོད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། གོ་ཀྲན་གྱི་གྱོད་དོན་དེ་མུ་མཐུད་ཞུ་གཏུགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༤ ལོར་གོ་ཀྲན་ཕྱིར་ཕ་ཡུལ་པེ་ཅིན་དུ་ལོག་སྐབས་འཛིན་བཟུང་བྱས་ཏེ། པེ་ཅིན་གཙོས་རྒྱ་ནག་ནང་ཡོད་པའི་གོ་ཀྲན་གྱི་སྒྱུ་རྩལ་བརྩམས་ཆོས་ཡོངས་བཀག་སྡོམ་དང་། བཟའ་ཟླ་དང་ལོ་ན་བདུན་ཡིན་པའི་བྱིས་པ་གཉིས་རྒྱ་ནག་ནས་ཕྱིར་སྐྱོད་མི་ཆོག་པའི་ཉེས་ཆད་བཅད་ཡོད་འདུག་ལ། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་གཉིས་རིང་སྒྱུ་རྩལ་བ་གོ་ཀྲན་བཀག་ཉར་ཁང་དུ་བཅུག་ཡོད་སྟབས། ཐེངས་འདིའི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་དེ་ཁྲིམས་ལུགས་བཞིན་བརྩིས་པ་ཡིན་ན། ལོ་རྗེས་མ་སྟེ་ཕྱི་ལོ་ ༢༠༢༧ ལོར་གོ་ཀྲན་ཀློད་གྲོལ་གཏང་དགོས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གི་ཡིག་ཐོག་གི་ཁྲིམས་དང་ལག་ལེན་གཉིས་རྦད་དེ་ཁ་ཁ་ཡིན་སྟབས། ལོ་རྗེས་མར་གོ་ཀྲན་ཀློད་གྲོལ་གཏོང་མིན་ཐེས་ཚོམ་གྱི་གནས་སུ་གྱུར་ཡོད་འདུག
གོ་ཀྲན་གྱི་བཟའ་ཟླ་ཀྲའོ་ཡ་ལིང་གིས། ངས་འདས་པའི་ལོ་གཉིས་རིང་གོ་ཀྲན་ཐུག་པར་རེ་སྒུག་བྱས་པ་ཡིན། ཁྲིམས་ཁང་གི་ཐག་གཅོད་དེས་ངའི་ཡིད་སེམས་རྨང་ནས་བསད་པ་མ་ཟད། ད་ལྟ་དབུགས་གཏོང་ལེན་མི་ཐུབ་པའི་གནས་སུ་ལྷུང་ཡོད་ཅེས་དང་། གོ་ཀྲན་མགྱོགས་མྱུར་ཀློད་གྲོལ་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག
གོ་སྤུན་ཟླ་གཉིས་ཕྱི་ལོ་ ༡༩༨༩ ལོར་ཐོག་མར་སྒྱུ་རྩལ་གྱི་ལམ་དུ་ཞུགས་ཏེ། ད་སྔ་བར་རྒྱ་ནག་དང་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆེ་བའི་འབག་རིས་སྒྱུ་རྩལ་བརྩམས་ཆོས་མང་དག་ཅིག་འགྲེམས་སྟོན་བྱས་ཡོད་ཅིང་། དེ་དག་གི་ཁྲོད་ལྕམ་མའོ་ལགས་(Miss Mao)། ཡེ་ཤུའི་སྟོན་པ་དཀྲོངས་བ། མའོ་ཙེ་ཏུང་གི་ནག་ཉེས། དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་རི་མོ། སྲིད་དབང་སྒེར་གཅོད་དང་དྲག་གནོན་ལ་ཟུར་ཟ་དང་ངོ་རྒོལ་སོགས་དང་འབྲེལ་བའི་བརྩམས་ཆོས་ཡོད་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོ་ནས་སྒྱུ་རྩལ་བའི་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་པའི་ཁྲིམས་གཏན་འབེབས་ལག་བསྟར་གྱིས་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་སྒྱུ་རྩལ་བ་དང་ཁོ་ཚོའི་བརྩམས་ཆོས་རིགས་རྩ་བ་ནས་མེད་པར་བཟོས་དང་བཟོ་མུས་ཡིན་འདུག
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་དང་པར་ལེན་སྒྱུ་རྩལ་བ་ཀྲང་ཡེ་ལགས་ཀྱིས་གདན་ས་ཆེན་པོ་སེར་ར་དགོན་པ་ནས་བོད་མི་ཞིག་ལ་སྐད་བརྡ་མ་འཕྲོད་སྟབས་རང་གི་ཁ་པར་ནང་ཡོད་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་བསྟན་པས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཕྲལ་དུ་འཛིན་བཟུང་བྱས་ཡོད་ཅིང་། ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཁོང་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་གཡོགས་ཏེ་ཁྲིམས་མཐུན་འཛིན་བཟུང་བྱས་ཟེར་བ་ཡོངས་བསྒྲགས་བྱས་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག appeared first on བོད་ཀྱི་དུས་བབ།.




