ཐའེ་ཝན་དུ་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ཁང་གིས་ཉིན་གཉིས་རིང་བོད་དོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་ཞིག་གོ་སྒྲིག་བྱས་འདུག་པ་དང། ཚོགས་ཆེན་གྱི་བརྗོད་གཞི་ནི་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཞེས་པའི་ངན་ཤུགས་དང་དེར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་ཇུས་རེད་འདུག
ཕྱི་ཟླ་ ༡༡ ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་ཐའེ་ཝན་བོད་ཀྱི་དོན་གཅོད་ཁང་གིས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ «གངས་ལྗོངས་གླེང་སྟེགས་མཐུན་འགྱུར་གྱི་གཞི་རྩ་འཚོལ་བ» ཞེས་པའི་བོད་དོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཚོགས་འདུ་དེར་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་དང་ཕྱི་སྡོད་རྒྱ་མི་བཅས་ཀྱི་སྐུ་ཚབ་རྣམས་དང་། ཐའེ་ཝན་གཞུང་གི་དཔོན་རིགས། མཁས་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་མཉམ་དུ་འདུ་འཛོམས་བྱས་ཏེ། རྒྱ་ནག་གི་ «མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་» ཀྱིས་མི་རིགས་ཀྱི་སྐད་ཡིག་དང་། ཆོས་ལུགས་དད་མོས། རིག་གནས་ཀྱི་ངོ་བོར་ཐེབས་པའི་ཤུགས་རྐྱེན། དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་ཀྱི་ཉེན་ཁ་འབྱུང་སྲིད་པའི་སྐོར་གླེང་སློང་གནང་བ་དང་། ཚོགས་ཞུགས་པ་རྣམས་ཀྱིས་མཉམ་ལས་བྱས་ཏེ་དཀའ་ངལ་ལ་གདོང་ལེན་བྱ་ཕྱོགས་སྐོར་གླེང་སློང་གནང་ཡོད་འདུག
ཉིན་དང་པོའི་བགྲོ་གླེང་སྟེང་། གངས་ལྗོངས་རིག་མཛོད་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་ཀྲེང་ཁའེ་རོང་ (郑凯榕) ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཉི་ཧོང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ས་ཨུ་ཐི་ (萨吾提) ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས། ལྷོ་སོག་ཀྱི་ཆབ་སྲིད་མཁས་པ་པའོ་ཡེན་ཐོ་ཚི་ (宝音图则) ལགས། ཐའེ་ཝན་གྱི་ཕྱི་རྒྱལ་གསར་འགོད་པ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཏའེ་ཏ་ཝེ་ (戴达卫) ལགས་སོགས་ཀྱིས་དཔྱད་ཞིབ་ཀྱིས་བོད་དང་ཡུ་གུར། ལྷོ་སོག་སོགས་ནས་ཡོང་བའི་ཉམས་ཞིབ་པ་རྣམས་ཀྱིས་མི་རིགས་ལོ་རྒྱུས་ཀྱི་ཉམས་མྱོང་དང་སྲིད་བྱུས་ཀྱི་གནས་སྟངས་ནས། རྒྱ་ནག་གི་མི་རིགས་སྲིད་བྱུས་དང་ཁྲིམས་གསར་པས་རིག་གནས་རྒྱུན་འཛིན་ལ་ཐེབས་པའི་ཤུགས་རྐྱེན་སྐོར་དཔྱད་ཞིབ་བྱས་ཡོད་འདུག
ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་གཙོ་སྐྱོང་གནང་བའི་བགྲོ་གླེང་ཐོག་བྱང་ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། «པེ་ཅིང་གི་དཔྱིད་ཀ» ཡི་རྩོམ་སྒྲིག་འགན་འཛིན་ཁྲེན་ཝེ་ཅན་ (陈维健) ལགས། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་རྒྱ་ཡིག་དྲ་རྒྱའི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇམ་དབྱངས་ཚེ་རིང་ལགས། གངས་ལྗོངས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ལུའུ་ཧུའེ་ཅོན་ (卢惠娟) ལགས་སོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཀྱི་རྒྱལ་མཚམས་ལས་བརྒལ་བའི་ཤུགས་རྐྱེན། དེ་བཞིན་སློབ་གསོ་དང་རིག་གནས་རྒྱུན་འཛིན་སོགས་ཀྱི་ཆ་ནས། སྤྱི་ཚོགས་མི་འདྲ་བ་རྣམས་ལ་འཕྲད་བཞིན་པའི་ཐུན་མོང་གི་དཀའ་ངལ་སྐོར་གླེང་སློང་བྱས་ཏེ། མི་རིགས་ཀྱི་ངོ་བོ་སྐད་ཡིག་སློབ་གསོ་ནས་ཕྱི་རྒྱལ་དུ་གནས་པའི་འབྲེལ་ཡོད་སྤྱི་ཚོགས་ཀྱི་བདེ་འཇགས་བར་གྱི་མི་རིགས་མི་འདྲ་བ་རྣམས་ལ་འཕྲད་བཞིན་པའི་ཐུན་མོང་གི་དཀའ་ངལ་གསལ་འདོན་བྱས་པ་དང་། མཐུན་སྒྲིལ་ངོ་མ་ནི་འདྲ་མཉམ་ལ་བརྩི་བཀུར་དང་རང་དབང་གཞིར་བཟུང་བའི་སྒོ་ནས་སྤྱི་ཚོགས་ཕན་ཚུན་བར་གྱི་གོ་རྟོགས་དང་མཉམ་ལས་བརྒྱུད་མི་རིགས་རིག་གནས་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པར་ནན་བརྗོད་བྱས་འདུག
ཉིན་གཉིས་པའི་བགྲོ་གླེང་དུ། ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལི་མེན་ཀྲེ་ (李明哲) ལགས་དང་། རྒྱ་ནག་གོ་ལ་ཧྲིལ་བོའི་བརྙན་འཕྲིན་དྲ་རྒྱའི་ (CGTN) གསར་འགོད་པ་དང་སྙན་སྒྲོན་པ་ཟུར་བ། ད་ལྟའི་ཨོ་གླིང་གི་སི་ཀའེ་གསར་ཁང་ (Sky News Australia) གི་གཙོ་སྐྱོང་བ་ཁྲེང་ལེ་ (成蕾) ལགས་དང་། རང་དབང་གསར་འགོད་པ་དང་རྒྱ་ནག་ལས་དོན་དཔྱད་ཞིབ་པ་ཀོང་ཙི་ཧྲེན་ (公子沈) ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས། «༢༠༤༧ ཧོང་ཀོང་ལྟ་ཞིབ» (2047香港监察) ཀྱི་གཙོ་གཉེར་བ་དང་། འཛམ་གླིང་ཧོང་ཀོང་གླེང་སྟེགས་གསར་འཛུགས་གནང་མཁན་ཆན་ཀྲི་ཅན་ (钱志健) ལགས། བྷར་མིང་ཧམ་སློབ་ཆེན་ (University of Birmingham) གྱི་ཆབ་སྲིད་རིག་པའི་སློབ་དཔོན་ཚེ་རིང་སྟོབས་རྒྱལ་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས། ཁྲིམས་ལུགས་མཁས་པ་ཙེང་ཅན་ཡོན་ (曾建元) ལགས། ཐའེ་ཝན་ཧོང་ཀོང་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཁྲིམས་རྩོད་པ་སང་ཕུ་ (桑普) ལགས། ཨོ་གླིང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་སོགས་ཉམས་ཞུགས་པ་རྣམས་ཀྱིས་མི་སྒེར་གྱི་ཉམས་མྱོང་དང་། ཕྱི་རྒྱལ་གྱི་སྤྱི་ཚོགས་ཀྱི་ཉམས་མྱོང་ནས་ཁྲིམས་ཀྱི་ལམ་ལུགས་དང་རྒྱལ་སྤྱིའི་ཆབ་སྲིད་བར་རྒྱ་ནག་གི་གཅིག་གྱུར་སྲིད་བྱུས་དང་། རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་ཀྱིས་བསྐྲུན་པའི་དཀའ་ངལ་སྣ་མང་གླེང་སློང་གནང་ཡོད་ལ། མཉམ་ཞུགས་པ་རྣམས་ཀྱིས་འཇིགས་སྐུལ་གྱི་མདུན་དུ་ཁྲིམས་ལུགས་དང་སྲིད་བྱུས་ཀྱི་ལན་འདེབས་བྱེད་པ་ལས། མི་རིགས་མི་འདྲ་བ་དང་མང་གཙོའི་སྤྱི་ཚོགས་རྣམས་ཀྱིས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་རྒྱབ་སྐྱོར་བྱས་ཏེ། ས་ཁུལ་དང་མི་རིགས་ཀྱི་ས་མཚམས་ལས་བརྒལ་བའི་འབྲེལ་ལམ་བཙུགས་ནས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། མི་རིགས་ཀྱི་ངོ་བོ། རིག་གནས་སྣ་མང་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པར་ནན་བརྗོད་བྱས་འདུག
དེ་བཞིན་ «གངས་ལྗོངས་གླེང་སྟེགས» ཞེས་པའི་བགྲོ་གླེང་ཚོགས་ཆེན་དེའི་ཐོག་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྩམས་པའི་དཔེ་དེབ་གསར་པ་ «༧ གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་གྱི་བྱུང་རབས་ཤེལ་དཀར་ཕྲེང་བ།» ཞེས་པའི་རྒྱ་འགྱུར་མའི་འགྲེམས་སྤེལ་མཛད་སྒོ་ཡང་འཚོགས་ཡོད་པ་དང་། དཔེ་དེབ་དེའི་ནང་དུ། རྒྱ་ནག་དམར་ཤོག་ཚོགས་པས་མ་འོངས་པར་ལྷ་མོ་བླ་མཚོར་གནས་གཟིགས་བྱེད་པ་ལྟ་བུའི་བྱ་ཐབས་ལོག་སྤྱོད་དང་གཡོ་ཐབས་བྱེད་སྲིད་པའི་སྔོན་དཔག་བྱས་ཡོད་པ་དེ་ནི་ཚོགས་འདུ་དེའི་ཁྲོད་ཀྱི་བརྗོད་གཞི་གཙོ་གནད་ཅན་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་གིས་དཔེ་དེབ་འགྲེམས་སྤེལ་གྱི་མཛད་སྒོའི་ཐོག་དེབ་འདིར་ཡིག་ཆ་མང་པོ་ལུང་འདྲེན་བྱས་ཏེ། ཕྱི་ལོ་ ༡༩༣༣ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཞིང་གཤེགས་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་གྱི་གོ་རིམ། ལྷག་པར་དུ་དེའི་སྔ་རྗེས་ཀྱི་ཀྲུང་ཧྭ་མིན་གོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་གནད་དོན་སྐོར་བསྐྱར་དུ་བརྗོད་པ་དང་། དེ་དག་ཡིག་ཆ་ལ་གཞི་བཅོལ་ནས་དོན་དངོས་གསལ་སྟོན་བྱེད་ཐུབ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
གཞན་ཡང་ཚོགས་འདུ་དེའི་ཁྲོད་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་སྐུའི་ཡང་སྲིད་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༡ དང་ཕྱི་ལོ་ ༢༠༢༥ ལོར་ཡང་སྲིད་དང་འབྲེལ་བའི་གསུང་བཤད་གཉིས་གནང་ཡོད་པ་ལས་གཞན་དེ་འབྲེལ་གྱི་གསུང་བཤད་གང་ཡང་མེད་ཅེས་བརྗོད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ལ་གདོང་ལེན་བྱེད་ཕྱོགས་ཐད་ཚོགས་ཆེན་ཞིག་འཚོགས། appeared first on བོད་ཀྱི་དུས་བབ།.



