མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

4 hours ago

ཉེ་ཆར་མོ་རོ་ཁོ་རྒྱལ་ཁབ་ཀྱི་གཞོན་སྐྱེས་ཁྲི་བདུན་ལྷག་ཨ་ཧྥི་རི་ཁའི་བྱང་ཕྱོགས་མཚོ་འགྲམ་དུ་ཆགས་པའི་སི་པན་གྱི་མངའ་ཁོངས་ས་ཁུལ་སེའུ་ཊ་(Ceuta) ནང་འཛུལ་ཡོད་སྟབས། དོན་རྐྱེན་དེ་ནི་སི་པན་རྒྱལ་ཁབ་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་སེམས་འཚབ་བྱ་དགོས་པའི་གནད་དོན་ཞིག་ཏུ་གྱུར་བའི་ཁར། ཁྲིམས་མཐུན་མ་ཡིན་པའི་མོ་རོ་ཁོའི་ན་གཞོན་རྣམས་ཀྱི་ཉེན་འཚབ་ཆེ་བའི་མཚོ་ལམ་གྱི་འགྲུལ་བཞུད་ཁྲོད། ད་བར་ཉུང་མཐར་མི་གྲངས་ ༧༢ རྐྱེན་འདས་སུ་ཕྱིན་ཡོད་པ་ལས་མི་གྲངས་ ༥༧ གྱི་ཕུང་པོ་ལག་སོན་བྱུང་འདུག་ལ། ད་ལྟའི་ཆར་སི་པན་སྲིད་གཞུང་གིས་ནང་འཛུལ་བ་ཕལ་མོ་ཆེ་ཕྱིར་སློག་བྱས་ཏེ། ཕྱི་མི་འགོག་རྒོལ་གྱི་འགག་སྒོ་རིང་པོ་ཞིག་ཀྱང་བཟོ་སྐྲུན་བྱེད་མུས་ཡིན་འདུག

གནད་དོན་དེ་དང་འབྲེལ་ནས་སི་པན་གྱི་སྲིད་བློན་པེ་ཌོ་སན་ཆེས་(Pedro Sanchez) ལགས་སེའུ་ཊ་ས་ཁུལ་ལ་དངོས་སུ་ཕེབས་ཏེ། ནང་འཛུལ་ཆེན་པོ་འདི་ནི་སི་པན་གྱི་ས་ཁུངས་བདག་དབང་ལ་བརྩི་མེད་བྱས་པ་ཞིག་རེད། ཅེས་སྐྱོན་བརྗོད་གནང་བའི་མུར།  སེའུ་ཊ་ས་གནས་སྲིད་གཞུང་གིས་ནང་འཛུལ་བ་ཡོངས་རྫོགས་ཕྱིར་སློག་བྱ་རྒྱུ་དང་། ས་གནས་མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་ནུས་པ་འདོན་དགོས་པའི་འབོད་སྐུལ་ཡང་བྱས་འདུག

སེའུ་ཊ་(Ceuta ) དང་མེ་ལི་ལ་(Melilla) གཉིས་ནི་ཨ་ཧྥི་རི་ཀའི་བྱང་ཕྱོགས་མཚོ་འགྲམ་དུ་ཆགས་པའི་སི་པན་གྱི་རང་སྐྱོང་གྲོང་ཁྱེར་ཡིན། མོ་རོ་ཁོའི་མི་སེར་མང་པོས་ས་ཁུལ་འདི་གཉིས་ནི་བཙན་བཟུང་བྱས་པའི་ས་ཆ་ཡིན་པར་ངོས་འཛིན་བྱེད་མུས་ཡིན་ལ། ལོ་རྒྱུས་ཐོག་ནས་བཤད་ན། ཕྱི་ལོ་ ༡༤༡༥ ལོར་པོར་ཊུ་གྷལ་(Portugal)གྱིས་སེའུ་ཊ་ཐོག་མར་བཙན་བཟུང་བྱས་ཤིང་། ཕྱི་ལོ་ ༡༦༦༨ ལོར་ཆིངས་ཡིག་ཐོག་ནས་ས་ཁུལ་དེ་སི་པན་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། ད་བར་ལོ་ངོ་ ༣༥༠ ལྷག་གི་རིང་སི་པན་གྱི་མངའ་འོག་ཏུ་གནས་ཡོད། དེ་ནི་ད་ལྟའི་མོ་རོ་ཁོ་རྒྱལ་ཁབ་མ་ཆགས་གོང་གི་དུས་ཚོད་ཡིན་སྟབས།  སི་པན་གཞུང་གིས་ས་ཁུལ་དེ་ནི་སི་པན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟའང་ས་ཁུལ་དེ་ནི་སི་པན་དང་ཡུ་རོབ་མཐུན་ཚོགས་ཀྱི་ཆ་ཤས་ཡིན་ཞིང་། ཡུ་སྒོར་བེད་སྤྱོད་གཏོང་བཞིན་ཡོད།

ནང་འཛུལ་ཆེན་པོ་འདི་འདྲ་བྱུང་བ་ད་ཐེངས་གཅིག་པུ་མིན་པར།  ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༥ ནང་། ཝེ་སི་ཊན་ས་ཧ་ར་ (Western Sahara) ཡི་གནད་དོན་ཐོག་སི་པན་དང་མོ་རོ་ཁོ་གཉིས་བར་ཆབ་སྲིད་ཀྱི་འགལ་ཟླ་ཤོར་སྐབས། མོ་རོ་ཁོ་གཞུང་གིས་རང་གི་ས་མཚམས་སྟངས་འཛིན་ལྷོད་དུ་བཏང་བ་དང་བསྟུན་ནས་མི་གྲངས་ ༨,༠༠༠ ཙམ་སེའུ་ཊ་ནང་སྐྱབས་བཅོལ་དུ་ཕྱིན་ཡོད། ཕྱི་ལོ་ ༢༠༢༢ ལོར་སི་པན་གྱིས་ཝེ་སི་ཊན་ས་ཧ་རར་དམིགས་པའི་རང་སྐྱོང་འཆར་གཞི་ལ་རྒྱབ་སྐྱོར་བྱས་རྗེས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱུང་ཡོད། གཞན་ཡང་།  མོ་རོ་ཁོའི་ན་གཞོན་ལས་མེད་ཀྱི་ཚད་གཞི་བརྒྱ་ཆ་ ༣༧།༢ ལ་སླེབས་ཡོད་ལ། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ཐེངས་ནང་འཛུལ་ཆེན་མོ་འདི་འདྲ་ཞིག་འབྱུང་དོན་གཙོ་བོ་ནི་ཡུ་རོབ་ཀྱི་དཔལ་འབྱོར་གྱི་འགུགས་ཤུགས་དང་། ཧེ་བག་ཆེ་བའི་འཚོ་བའི་མཐུན་རྐྱེན་ལ་ཐུག་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད།

མོ་རོ་ཁོ་བ་རྣམས་ལ་གོ་སྐབས་དམིགས་བསལ་ག་རེ་ཡོད། 

ཉེ་ལམ་ཨ་ཧྥི་རི་ཁའི་བྱང་རྒྱུད་ཀྱི་མོ་རོ་ཁོ་རྒྱལ་ཁབ་གཙོས་ཨ་ཧྥི་རི་ཁའི་རྒྱལ་ཁབ་མང་པོ་ཞིག་གི་མི་སེར་རྣམས་མོ་རོ་ཁོ་བརྒྱུད་ཁྲིམས་མཐུན་མིན་པའི་ཐོག་ནས་སི་པན་གྱི་རང་སྐྱོང་ས་ཁུལ་དུ་འཛུལ་ཏེ། ཕྱོགས་ཡོངས་ནས་འཚོ་གནས་དང་མ་འོངས་པའི་མདུན་ལམ་སོགས་ལ་རེ་བ་མང་པོ་ཞིག་བཅངས་ཡོད་ལ། མོ་རོ་ཁོའི་མི་སེར་མང་དག་ཅིག་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། སྤྱི་པའི་ཞབས་ཞུ།  དེ་བཞིན་ཆབ་སྲིད་དཀའ་ངལ་གྱི་དབང་གིས། རྒྱལ་ཁབ་གཞན་དང་གཞན་ལ་སྐྱབས་བཅོལ་དུ་འགྲོ་མུས་ཡིན་ཞིང་། ཕྱི་ལོ་ ༢༠༢༤ ལོར་ཞིབ་འཇུག་བྱས་པ་ལྟར་ན། མི་སེར་བརྒྱ་ཆ་ ༣༥ རང་གི་རྒྱལ་ཁབ་ནས་ཕྱིར་ཐོན་འདུན་ཡོད་པའི་ཁྲོད། བརྒྱ་ཆ་ ༤༥ ལྷག་ལ་དཔལ་འབྱོར་གྱི་དཀའ་ངལ་དང་།  བརྒྱ་ཆ་ ༡༨ ལ་ཤེས་ཡོན་གྱི་གོ་སྐབས། བརྒྱ་ཆ་ ༡༥ ལྐོག་ཟ་རུལ་སུངས་ཀྱི་དབང་གིས་ཡིན་སྐོར་གསལ་ལ། ཕྱི་ལོ་  ༢༠༢༥ ལོར་ན་གཞོན་ལས་མེད་ཀྱི་བརྒྱ་ཆ་ཕལ་ཆེར་ ༤༠ ཟིན་ཏེ་རྒྱལ་ཁབ་དེར་དབུལ་ཕྱུག་དོ་མི་སྙོམས་པར་གྱུར་སྟབས། ཕྱི་ལོ་ ༢༠༢༥ ལོའི་ཟླ་བ་ ༩ དང་ ༡༠ ནང་། སྤྱི་པའི་ཞབས་ཞུ་ཞན་པོ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་གནས་སྟངས། དེ་བཞིན་ལྐོག་ཟ་རུལ་སུངས་བཅས་ཀྱི་དབང་གིས་ན་གཞོན་གྱིས་སྣེ་ཁྲིད་པའི་ཡར་ལངས་ཤིག་ཀྱང་བྱུང་ཡོད།

༡)ལས་ཀ་དང་གླ་ཕོགས།

མོ་རོ་ཁོའི་ལས་མི་མང་དག་ཅིག་ལ་སི་པན་ནང་ཞིང་ལས་དང་། འཛུགས་སྐྲུན། མགྲོན་ཁང་། ནང་ལས། སྐྱེལ་འདྲེན་བཅས་ཀྱི་ལས་དོན་གཉེར་བའི་གོ་སྐབས་ཐོབ་ཀྱི་ཡོད་ཅིང་། མོ་རོ་ཁོ་དང་བསྡུར་ན་སི་པན་ནང་གི་ལས་ཀའི་ཡོང་འབབ་དམའ་ཤོས་ཀྱིས་ཀྱང་རང་གི་འཚོ་བའི་དཀལ་ངལ་གསལ་ཐུབ་ཀྱི་ཡོད་པ་རེད། 

༢)ཤེས་ཡོན་དང་ལས་གནས། 

མོ་རོ་ཁོའི་ན་གཞོན་མང་དག་ཅིག་སི་པན་ནང་གཙུག་ལག་སློབ་གྲྭ་དང་ལག་རྩལ་སློབ་གླིང་དུ་འགྲིམས་བཞིན་ཡོད་ཅིང་། སི་པན་ནང་གནས་སྡོད་བྱས་ཚེ་ཡུ་རོབ་ཀྱི་ལས་ཀའི་ཁྲོམ་ར་རྒྱ་ཆེན་པོའི་ནང་གོ་སྐབས་ལེན་ཐུབ་ཀྱི་ཡོད་ལ། ཕྱིས་སུ་ཁྲིམས་མཐུན་གྱི་ཐོག་ནས་ནང་མི་རྣམས་སི་པན་དུ་མགྲོན་འབོད་བྱེད་ཐུབ་ཀྱི་ཡོད་པ་རེད། 

༣)འཚོ་བའི་གནས་ཚད་ཀྱི་ཁྱད་པར།

སི་པན་ནང་སྤྱིར་བཏང་ཡོང་འབབ་མཐོ་བ་དང་། མང་ཚོགས་ཀྱི་ཞབས་ཞུ་འཐུས་སྒོ་ཚང་བ། ལས་ཀའི་གོ་སྐབས་རྒྱ་ཆེ་བ་བཅས་ཡོད། དེ་མིན་འཕྲོད་བསྟེན་དང་ཤེས་ཡོན་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་དེ་ལོངས་སུ་སྤྱོད་པའི་གོ་སྐབས་ཡོད།

ད་ལན་གློ་བུར་དུ་ནང་འཛུལ་བྱེད་དོན་ཅི། 

 ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ ཚེས་ ༢༩ ཉིན་སི་པན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སེའུ་ཊ་དང་མེ་ལི་ལ་ཞེས་པའི་སི་པན་གྱི་མངའ་ཁུངས་སུ་མཚོ་ལམ་བརྒྱུད་ནས་ནང་འཛུལ་བྱེད་མཁན་རིགས་བྱུང་ན། འཕྲལ་མར་ཕྱིར་སློག་བྱེད་མི་ཆོག་པར་རྒྱུན་གཏན་གྱི་གནས་སྤོ་བའི་བརྒྱུད་རིམ་གཞིར་བཟུང་ཕྱིར་སློག་བྱེད་དགོས། དེ་ཡང་མཚོ་ལམ་བརྒྱུད་ནས་ནང་འཛུལ་བྱེད་པ་ནི་སྐམ་སའི་ས་མཚམས་ཀྱི་འགག་སྒོ་བཙན་བརྒལ་བྱས་ནས་ཡོང་བ་དང་མི་འདྲ་ཞེས་བཅད་ཁྲ་བཏང་བ་རེད། འོན་ཀྱང་། གནད་དོན་འདིས་མཚོ་ལམ་བརྒྱུད་ནས་ཡོང་བ་དེ་ཁྲིམས་མཐུན་ཡིན་པ་མཚོན་གྱི་མེད། མདོར་བསྡུས་ན་ཕྱིར་སློག་བྱེད་པའི་བརྒྱུད་རིམ་གྱི་ཁྱད་པར་ཙམ་ལས་ཕྱི་ལོ་ ༡༩༩༢ ལོའི་ཕྱིར་སློག་གཏོང་བའི་གྲོས་མཐུན་གཞིར་བཞག་ཐོག་ཕྱིར་སློག་བྱ་དགོས།

ཕྱི་ལོ་ ༢༠༢༦ ཟླ་ ༧ ནང་མོ་རོ་ཁོའི་ནང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་མཚོ་ལམ་བརྒྱུད་ནས་ནང་འཛུལ་བྱེད་པ་ནི་ཁྲིམས་མཐུན་རེད་ཅེས་བཅད་ཁྲ་འདི་དང་འབྲེལ་བའི་གནས་ཚུལ་འཁྱོག་བརྗོད་བྱས་ནས་སྤེལ་བར་བརྟེན། མོ་རོ་ཁོའི་གཞོན་སྐྱེས་ཁྲི་ཕྲག་མང་པོ་དུས་གཅིག་ལ་མཚོ་ལམ་བརྒྱུད་ནས་སེའུ་ཊ་ས་ཁུལ་དུ་ནང་འཛུལ་བྱས་པའི་དོན་རྐྱེན་འདི་བྱུང་བ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག appeared first on བོད་ཀྱི་དུས་བབ།.

Original Article