ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

2 hours ago

མཁས་གྲུབ་དོན་གྲུབ་ཀྱིས་བརྩམས། ལྷ་མོ་མཚོས་བོད་སྒྱུར་བྱས།

ཆེད་རྩོམ་འདི་ནི་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༥ (European Times) ཐོག་སྤེལ། མ་རྩོམ་གཟིགས་འདོད་ཚེ་འདིར་ནོན།

ཕྱི་ལོ་ ༡༩༥༠ ནས་བཟུང་བོད་མི་རྣམས་ཀྱིས་པེ་ཅིང་གི་དབང་སྒྱུར་འོག་གནོན་ཤུགས་ཆེན་པོ་མྱངས་ཡོད། འོན་ཀྱང་ཞི་ཅིན་ཕིང་གི་སྐབས་ཀྱི་གཉའ་གནོན་ནི་དེ་བས་ཀྱང་ཚབས་ཆེ་བའི་རྣམ་པ་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གིས་རང་གི་སྔོན་གྱི་འགོ་ཁྲིད་རྣམས་ཀྱི་སྲིད་བྱུས་དག་མཇུག་སྐྱོང་བྱས་པ་ཙམ་མ་ཡིན་པར། དེ་དག་ཆ་ཚང་བའི་གཉའ་གནོན་གྱི་མ་ལག་ཅིག་ཏུ་བསྒྱུར་སྤེལ་བྱས་ནས། བོད་མིའི་རིག་གཞུང་། དད་མོས། ཆེ་མཐོང་བཅས་ཀྱི་གཞི་རྩ་ལ་གནོད་འཚེ་བཏང་ཡོད།

ལྟ་རྟོག་གི་སྡེར་འོག་ཏུ་ཚུད་པའི་རྒྱལ་ཁབ།

ཞི་ཅིན་ཕིང་གིས་བོད་དེ་འཛམ་གླིང་གི་ལྟ་རྟོག་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་བསྒྱུར་ཡོད། རིག་རྫས་ (DNA) བསྡུ་ལེན། གདོང་རིས་ངོས་འཛིན། མིའི་བཟོས་རིག་ནུས་ལ་བརྟེན་པའི་རྗེས་འདེད་མ་ལག་སོགས་བོད་ཀྱི་ས་མཐོའི་ཁྱོན་ཡོངས་སུ་ཁྱབ་ཡོད། དགོན་པ་དང་། སློབ་གྲྭ། གྲོང་སྡེ་ཚང་མ་ནི་པེ་ཅིང་གི་ལྟ་རྟོག་མ་ལག་གི་ཆ་ཤས་སུ་བསྒྱུར་ཡོད། བོད་མི་རྣམས་རྟག་ཏུ་དོགས་གནས་འོག་གནས་ཤིང་། སྒེར་གྱི་འཚོ་བའང་རྒྱལ་ཁབ་ཀྱིས་ཉེས་འཛུགས་བྱེད་སའི་གནས་སུ་ལྷུང་ཡོད།

བཙན་ཤེད་ཀྱིས་རིག་གཞུང་མཉམ་བསྲེས་བྱེད་པ། 

རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་བྱུས་དེ་ནི་དེ་སྔོན་སླེབས་མྱོང་མེད་པའི་ཚད་གཞི་ཅིག་ཏུ་སླེབས་ཡོད། བོད་ཀྱི་བྱིས་པ་རྣམས་རང་གི་ནང་མི་དང་ཁ་བྲལ་ཏེ། བཅའ་སྡོད་སློབ་གྲྭར་བཞག་ནས་བོད་ཡིག་གི་ཚབ་ཏུ་རྒྱ་སྐད་ཀྱི་སློབ་སྦྱོང་སྤྲོད་པ་དང་། རང་ཉིད་ཀྱི་ཆོས་དང་རིག་གཞུང་ལ་དད་པའི་ཚབ་ཏུ་དམར་ཤོག་ཚོགས་པར་ཡིད་ཆེས་གཏོད་དགོས་པའི་བསམ་བློ་རྒྱུད་ལ་འཇགས་ཐབས་བྱེད་ཀྱིན་ཡོད། ཆོས་ལུགས་ཉམས་ལེན་གྱི་བྱེད་སྒོ་ཁག་དམ་དྲག་བྱས་ཡོད་པ་དང་།༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཀག་སྡོམ། གྲྭ་བ་རྣམས་དོན་མེད་འཛིན་བཟུང་། དགོན་སྡེའི་སྒོ་རྒྱག་པ་སོགས་བྱས་ཡོད། ཞི་ཡིས་བོད་མིའི་ངོ་བོ་ནག་གསུབ་བྱ་དགོས་པའི་བརྡ་གསལ་པོ་ཞིག་སྟོན་གྱི་ཡོད།

ཁྲིམས་ཀྱི་དམག་འཐབ།

ཞི་ཅིན་ཕིང་གིས་ཁྲིམས་དེ་”ངོ་རྒོལ་བ་ཚོའི་” མགོ་བོ་གནོན་པའི་མཚོན་ཆ་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་ཟེར་བ་དེ་ལྟར་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་བོད་མིའི་རིག་གཞུང་ལ་དགའ་མོས་བྱེད་པ་ནི་ཉེས་པར་བརྩི་བཞིན་ཡོད་པས། པེ་ཅིང་གི་ལག་པ་རིང་མོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་རྐྱོང་བཞིན་ཡོད། ཕྱི་རྒྱལ་ཡུལ་དུ་ཡོད་པའི་བོད་མི་ཚོས་བོད་དོན་གླེང་སློང་ངམ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཚེ་ཁོང་ཚོའི་གཞིས་སྡོད་ནང་མི་རྣམས་ཉེན་ཁར་ལྷུང་གི་ཡོད། འདི་ནི་ས་མཚམས་མེད་པའི་གཉའ་གནོན་ཞིག་རེད།

དབང་ཆ་གཅིག་སྡུད།

སྔོན་གྱི་འགོ་ཁྲིད་ཚོ་དང་མི་འདྲ་བར། ཞི་ཅིན་ཕིང་གིས་དབང་ཆ་གཅིག་སྡུད་བྱས་པ་ནི་མའོ་ཙེ་ཏུང་གི་རྗེས་སུ་ཆེས་ཆེ་བ་ཞིག་ཡིན། བོད་དང་འབྲེལ་བའི་སྲིད་བྱུས་ནི་འབྲེལ་ཡོད་ལྷན་ཁང་ཁག་གིས་སྲིད་ཇུས་ལག་བསྟར་བྱེད་པའི་རྒྱུན་སྲོལ་ཙམ་མིན་པར།  ཞི་ཅིན་ཕིང་རང་གི་འཆར་གཞི་ཞིག་ཡིན། ཁོང་གི་ཕ་ཡིས་སྔོན་མ་༧རྒྱལ་བ་རིན་པོ་ཆེ་དང་གྲོས་མོལ་གྱི་ལམ་ནས་འབྲེལ་བ་བྱེད་འདོད་བྱས་མྱོང་ཡང་། ཞི་ཅིན་ཕིང་གིས་དམ་དྲག་གི་བརྒྱུད་ལམ་དེ་བདམས་པ་རེད། ཁོང་གིས་བོད་དེ་དབང་སྒྱུར་མ་ལག་གི་ཚོད་ལྟ་བྱེད་ས་ཞིག་ཏུ་བསྒྱུར་ནས། བོད་ནང་ལ་གྲུབ་འབྲས་ཐོན་པའི་དྲན་གནོན་གྱི་སྲིད་བྱུས་རྣམས་ཕྱིས་སུ་ཤར་ཏུར་ཀི་སི་ཐན་དང་དེ་མིན་གྱི་ས་གནས་ཁག་ཏུ་ལག་བསྟར་བྱས་ཡོད།

ཅིའི་ཕྱིར་ཞི་ཅིན་ཕིང་ནི་གཉའ་གནོན་པ་ཚབས་ཆེ་ཤོས་དེ་ཡིན།

ཞི་ཡིས་དེང་རབས་ཀྱི་ལག་རྩལ་དང་གཉའ་གནོན་མཉམ་དུ་སྦྲེལ་ནས་གློག་ཀླད་ལ་བརྟེན་པའི་དབང་བསྒྱུར་མ་ལག་ཅིག་བཟོས་ཡོད། ཁོང་གིས་བོད་མི་རིགས་ཀྱི་རིག་གཞུང་ཉེས་ཅན་དུ་བརྩིས་པས། བོད་མིའི་ངོ་བོ་དེ་ཉེས་ཆད་གཅོད་ཡུལ་ཞིག་ཏུ་བསྒྱུར་ཡོད། ད་དུང་གཉའ་གནོན་དེ་རྒྱ་ནང་གི་ས་མཚམས་ལས་བརྒལ་ཏེ་འཛམ་གླིང་ཡོངས་ཀྱི་བོད་མིར་དམིགས་ཀྱི་ཡོད། བོད་ཀྱི་སྡུག་བསྔལ་ནི་གནས་སྟངས་གློ་བུར་བ་ཞིག་ལས་བྱུང་བ་མ་ཡིན་པར། བསམ་བཞིན་དུ། ལམ་ལུགས་ཅན་དང། རྒྱུན་གནས་ཡོང་བར་འབད་པ་བྱེད་ཀྱིན་ཡོད།

བོད་དང་འཛམ་གླིང་ལ་འབྱུང་བའི་འབྲས་བུ།

བོད་ཀྱིས་རང་གི་རིག་གཞུང་རྩ་མེད་མི་འགྲོ་བར་གདོང་ལེན་བྱེད་དགོས་ཀྱི་ཡོད། བོད་ཀྱི་སྐད་ཡིག། ཆོས་ལུགས། སྲོལ་རྒྱུན་བཅས་རིམ་པས་གཏོར་བཤིག་གཏོང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོན་ན། ཞི་ཅིན་ཕིང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ནི་ཉེན་བརྡ་ཞིག་ཡིན། བོད་ནང་རྩ་བ་བརྟན་པོ་ཚུགས་པའི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་དེ་བོད་ནང་ཁོ་ནར་ལག་བསྟར་བྱས་ནས་འཇོག་མི་སྲིད། འདི་ནི་གཉའ་གནོན་གྱི་ལམ་ལུགས་ཤིག་ཇི་ལྟར་དེང་རབས་ཅན་དུ་སྒྱུར་བ་དང་ཕྱི་ཕྱོགས་ལའང་སྤེལ་ཐུབ་མིན་གྱི་དཔེ་མཚོན་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྟོན་བཞིན་པ་དེ་རེད།

མཇུག་གི་གཏམ།

རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་དམ་དྲག་གི་སྲིད་བྱུས་བཟུང་ཡོད་ཀྱང་། ཞི་ཅིན་ཕིང་གི་སྐབས་སུ་གཉའ་གནོན་གྱི་ངོ་བོ་ཆ་ཚང་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་ནི་དབང་སྒྱུར་པ་གཞན་དག་དང་འདྲ་བ་ཙམ་མ་ཡིན་པར། ལྟ་རྟོག་དང་། རིག་གཞུང་མཉམ་བསྲེས། ཁྲིམས་ལུགས་མཚོན་ཆར་སྤྱད་དེ་རིག་གཞུང་རྩ་མེད་དུ་གཏོང་བའི་ཐབས་བྱུས་སྤེལ་མཁན་ཞིག་ཡིན། དེང་སང་གི་བོད་ནི་མུན་ནག་གི་ས་མཚམས་ཤིག་ཏུ་གྱུར་ཞིང་། ཞི་ཅིན་ཕིང་ནི་དེའི་ཇུས་འགོད་པ་རེད།

མཁས་གྲུབ་དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།

མཁས་གྲུབ་དོན་གྲུབ་ནི་༧རྒྱལ་བ་རིན་པོ་ཆེའི་སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་གི་སྲས་ཡིན། ཁོང་གིས་ལྡི་ལིའི་སེནཊ་ སཊི་ཧྥེནསིའིསློབ་གྲྭ་ཆེན་མོ་ (St. Stephens) དང་ཨ་རིའི་སེན་ཧྥི་རན་སིས་སི་ཁོ་སློབ་གྲྭ་ཆེན་མོ་ (University of San Francisco) ནས་སློབ་གཉེར་གནང་ཡོད། ཁོང་གིས་༧གོང་ས་ཏཱ་ལའི་བླ་མའི་སྐུ་སྒེར་དྲུང་ཆེའི་འགན་འཁྱུར་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་༸རྒྱལ་བ་རིན་པོ་ཆེ་ཨ་རིར་ཐོག་མར་ཕེབས་སྐབས་མཉམ་དུ་སྐུ་བཅར་ཞུས་ཡོད། ༡༩༨༠ ནས་ ༡༩༩༣ བར་༧རྒྱལ་བ་རིན་པོ་ཆེས་ཁོང་པེ་ཅིང་དུ་གྲོས་མོལ་གྱི་དོན་དུ་མངགས་གཏོང་གནང་བས། ཞི་ཀྲུང་ཞུན་ (Xi Zhongxun) དང་ཧུའུ་ཅིན་ཐའོ་ (Hu Jintao) མཉམ་དུ་འབྲེལ་བ་གནང་། ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་འཐུས་སྐབས་གསུམ་རིང་གནང་མྱོང་ཡོད་པ་དང་། ༡༩༨༧ ནས་བཟུང་རྡོར་གླིང་བོད་མིའི་ལག་རྩལ་བཟོ་གྲྭའི་འགན་འཛིན་གནང་ཡོད། ཁོང་གིས་ Dalai Lama My Son དང་ Tibet in Turmoil ཞེས་པའི་དེབ་གཉིས་རྩོམ་སྒྲིག་གནང་ཡོད། དེང་སང་ཁོང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ (Taipei, Taiwan) རུ་བཞུགས་ཀྱི་ཡོད།

The post ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན། appeared first on བོད་ཀྱི་དུས་བབ།.

Original Article