བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༤༨ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཕྱི་ཟླ་ ༨ ཚེས་ ༢༦ ཉིན་བལ་བོད་ས་མཚམས་སུ་འབྱུང་བའི་གནོད་འཚེ་ཐེབས་པ་རེད། འབྱུང་བའི་གནོད་འཚེ་ཞེས་ལབ་ནའང་ཏག་ཏག་ཅིག་བསྡད་ཡོད་མེད་བཤད་དཀའ།འདི་ནི་མིས་བཟོས་གནོད་འཚེ་ཞིག་ཀྱང་ཡིན་སྲིད། དེ་ཡང་མི་རྣམས་ཀྱིས་བསམ་གཟས་ནས་ལུང་སྟོད་ཀྱི་ཆུ་འགག་གློད་པ་མིན་ནའང་། འབྱུང་བའི་གནོད་འཚེ་འདི་འདྲ་ཞིག་ཡོང་བའི་རྒྱུ་རུ་འགྱུར་བའི་ས་བརྐོ་རྡོ་བསློག་གམ། ཡང་ན་གནམ་གཤིས་འགྱུར་ལྡོག་གི་ཚ་ཚད་ཇེ་མཐོར་བཏང་བའི་ལས་ཤིག་བརྩམས་པར་བརྟེན་འཁྱགས་རོམ་བཞུས་ནས་མཚོ་མོ་འཁྱིལ་བ་དང་། གསར་དུ་འཁྱིལ་བའི་མཚོ་མོ་བརྡོལ་ཏེ་ལུང་གཤོངས་ཀྱི་ཡོད་ཚད་བསྣུབས་སོང་བ་ཡིན་སྲིད། དེ་འདྲ་མ་རེད། ལུང་སྟོད་དུ་ས་ཡོམ་བརྒྱབ་པ་དང་། དེའི་རྐྱེན་གྱིས་ལྟེམས་མེར་འཁྱིལ་བའི་མཚོ་མོར་གཡོ་འཁྱོམ་བྱུང་བས་ས་རུད་དང་ཆུ་ལོག་བྱུང་བ་རེད་ཟེར། འོ། དེ་འདྲའང་རེད་མི་འདུག ས་རུད་དང་ཆུ་ལོག་བྱུང་བའི་རྐྱེན་གྱིས་ས་འགུལ་བ་རེད་ཟེར། ད་དུང་་་
གོང་གི་སྐད་ཆ་དག་ནི་ས་རུད་དང་ཆུ་ལོག་བྱུང་མ་ཐག གསར་ཁང་ང་ཡིན་ཁྱོད་ཡིན་ཟེར་བ་དག་གིས་སྤེལ་བའི་གནས་ཚུལ་རེད། གནས་ཚུལ་འདི་དང་མཉམ་དུ་གོད་ཆག་འདིའི་ཁྲོད་རྐྱེན་འདས་དང་གར་སོང་ཆ་མེད་དུ་གྱུར་བའི་གྲངས་ཀ་ཐོན་མགོ་ཚུགས་པ་དང་། བལ་ཡུལ་ཕྱོགས་ཀྱི་གྲངས་ཀ་རིམ་བཞིན་འཕར་བ་རེད། དེ་བཞིན་གོད་ཆག་འདིའི་ཁྲོད་དུ་སྲོག་ཉེན་ལས་ཐར་མཁན་ཚོའི་དངོས་མྱོང་སོགས་ཀྱང་བཅར་འདྲིའི་ལམ་ནས་ཕྱི་རུ་ཐོན་པས། འདས་པོའི་དོན་དུ་མ་ཎི་བགྲང་བ་དང་། ཤུལ་ལུས་ནང་མིར་གདུང་སེམས་མཉམ་བསྐྱེད་བྱེད་པ། སྐྱོ་གདུང་གི་མིག་ཆུ་གཏོང་བ། རོགས་རམ་གྱི་ལག་པ་བསྲིང་ས་ཞིག་ཀྱང་ཡོད་པར་གྱུར་བ་རེད།
དེ་ལས་ལྡོག་སྟེ། བོད་ཕྱོགས་ཀྱི་གནས་ཚུལ་ཐད་ནས་ཝ་མོ་སྨུག་ལོང་ནང་རྒྱུ་བ་དང་ཨ་ན་མ་ན་རེད། སྐྱིད་གྲོང་འགག་སྒོ་བསྣུབས་ནས་ཤུལ་མེད་ཆགས་ཀྱང་། དངོས་ཡོད་གནས་ཚུལ་དེ་ཉེན་རྟོག་པ་དང་འགག་སྒོ་སྲུང་མཁན་མེད་པའི་བར་གླགས་དང་བསྟུན་ནས་ཕྱི་རུ་ཐོན་ཐུབ་མེད། དྲ་ལམ་དུ་ཁྱབ་པའི་སྐྱིད་གྲོང་འགག་སྒོའི་ལྟ་སྲུང་བརྙན་མིག་ནང་གི་སྐྱི་གཡའ་བའི་རྣམ་པ་དེ་ལས་གཞན་ཅི་ཡང་མེད། རྒྱ་ནག་གཞུང་གིས་ཉིན་དང་པོར་བཟང་ངན་གྱི་སྐད་ཆ་ཅི་ཡང་མ་བཤད་པར་གཞན་གྱིས་ཅི་བཤད་ལ་ཉན་ནས་བསྡད། ཉིན་གཉིས་པར་མི་གསུམ་རྐྱེན་འདས་སུ་གྱུར་བ་དང་། མི་ལྔ་བརྒྱ་ལྔ་བཅུ་ང་བརྒྱད་ཙམ་གར་སོང་ཆ་མེད་དུ་གྱུར་ཞེས་གཞུང་འབྲེལ་ཐོག་ནས་བསྒྲགས། ཉིན་དྲུག་པར་རྐྱེན་འདས་ཀྱི་ཁ་གྲངས་༡༦ ལ་འཕར་བ་དང་། གར་སོང་ཆ་མེད་དུ་གྱུར་བའི་གྲངས་ཀ་ཏོག་ཙམ་མར་ཆག་འདུག
དེ་ནས་གོད་ཆག་འདིའི་འབྱུང་རྐྱེན་ཐད་ནས་གླེང་སློང་བྱུང་བ་དང་། རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་བྱས་པའི་རྐྱེན་གྱིས་རེད་ཅེས་པའི་གཏམ་དེ་ཁྱབ་མ་ཐག བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གིས་ “ད་ལྟ་ནི་ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་པའི་དུས་ཤིག་ཡིན་པ་ལས། ཕན་ཚུན་ངན་ཁག་དཀྲི་བའི་དུས་མ་རེད།” ཅེས་སྐད་ཆ་འདྲ་ཆགས་པོ་ཞིག་བཤད་དེ། ད་ཆ་གནོད་ཐེབས་ས་ཁུལ་ལ་དོ་ཁུར་བྱེད་ཀྱི་ཡོད་པ་དང་། མི་རྒྱུ་གཉིས་ཀས་རོགས་སྐྱོར་བྱེད་ཀྱི་ཡོད་པ། མྱུར་སྐྱོབ་བྱེད་ཀྱི་ཡོད་པ་སོགས་ཡག་ཡག་རྒྱན་རྒྱན་ཁོ་ན་བཙགས་ནས་སྒྲོག་བཞིན་འདུག
རྒྱ་གཞུང་གི་བྱེད་སྟངས་འདི་འདས་པའི་ལོ་ངོ་དྲུག་ཅུ་རེ་གྲངས་ཀྱི་བོད་དོན་གནས་བབ་ལ་སྦྱར་ནས་བལྟས་ན། ཐོག་མའི་ཆར་རྒྱ་ནག་གཞུང་གིས་བོད་མི་ཚོའི་འཐབ་རྩོད་བྱེད་སྟངས་དང་། དགོས་འདུན་འདོན་སྟངས་ལ་ལྟ་ཉན་བྱས་ནས་བསྡད་པ་དང། རིམ་བཞིན་ཕྱི་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་དེ་བོད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས། དེ་ལ་ཁ་ཡ་མིི་བྱེད་པར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་བསམ་བློ་བཏང་ན་ལེགས་ཀྱི་རེད་ཅེས་ཁེ་ཕན་གཙོར་བཟུང་གི་ཐབས་བྱུས་ཤིག་འཐེན་པ་རེད། ད་དུང་རྒྱ་གཞུང་གི་རོགས་རམ་འོག་བོད་འདི་ཡར་རྒྱས་ཀྱི་ལམ་ལ་དྲངས་ཡོད་ཅེས་བརྙན་མིག་ནང་གི་གནས་ཚུལ་ལྟར་ཕྱོགས་གཅིག་ཁོ་ན་རྒྱལ་སྤྱིའི་སྟེང་སྒྲོག་བཞིན་ཡོད། བྱེད་སྟངས་འདི་དག་ནི་རྒྱ་གཞུང་ལ་གོམས་ལོབས་སུ་སོང་བ་ཞིག་རེད་ལ། འདི་ལྟར་དོན་རྐྱེན་འདི་ཡང་མི་ཚོའི་དྲན་ངོགས་ལས་ཡལ་འགྲོ་ཡི་རེད་སྙམ་གྱི་ཡོད་ཁོ་ཐག་རེད། རྒྱ་གཞུང་གིས་ག་དུས་ཡིན་ཡང་གོམ་གང་རྒྱབ་ལ་བསྣུར་ནས་མདུན་དུ་རྒྱུག་འགྲོ་མཁན་ཚོའི་ཉམས་ཚོད་ལེན་གྱི་ཡོད། འདི་བོད་ཀྱི་གཏམ་དཔེ་ཞིག་གིས་འགྲེལ་དགོས་ན། ཕལ་ཆེར་ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ་ཟེར་བ་དེ་མིན་འགྲོ།།
The post ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ། appeared first on བོད་ཀྱི་དུས་བབ།.





