༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༥ ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་བདེ་ལེགས་སྨན་ཁང་དུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།
དེ་ཡང་སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསུང་དོན། ད་ལྟའི་ཆར་ནད་པའི་ཐོ་འགོད་དང་གྲངས་ཐོ་རྣམས་གྲངས་འཛིན་ཐོག་ཉར་ཚགས་གནང་བཞིན་ཡོད་པ་དང་། དེ་སྔོན་ཡིག་ཆ་རྣམས་ཤོག་བུའི་ཐོག་ཉར་ཚགས་བྱེད་ཀྱི་ཡོད་པས། ཡུན་རིང་ཉར་ཚགས་བྱེད་པ་དང་ཕྱིར་འཚོལ་བསྡུ་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ཡིག་ཆ་རྣམས་སྐྱོན་ཤོར་བ་དང་། བོར་བརླག་སོང་བ་སོགས་ཀྱི་ཉེན་ཁ་ཡོད་སྐོར་བཅས་གསུངས་ཡོད།ཕྱོགས་མཚུངས་ནད་གཞི་སྔོན་འགོག་གི་ཐབས་ལམ་དང་འབྲེལ། རྒྱ་གར་གཞུང་ནས་རིན་མེད་མཁོ་སྤྲོད་གནང་བཞིན་པའི་སྔོན་འགོག་ཁབ་ཀྱི་ལས་གཞིའི་སྐོར་དང་། བོད་མི་རྣམས་ལ་མཐུན་རྐྱེན་དེ་དག་སྦྱོར་ཐབས་བཅས་ཀྱི་ཐོག་བཀའ་སྡུར་གནང་ཡོད་པ་མ་ཟད། ད་ལྟའི་གློ་ནད་ཊི་བི་གནས་སྟངས་སྐོར་དང་འབྲེལ་ནས་སྔ་ལོ་དང་བསྡུར་ན་གློ་ནད་ཊི་བི་ཕོག་པའི་ནད་པ་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་སྐོར་དང་། Zero TB ཞེས་པའི་ལས་གཞིའི་ལག་བསྟར་བྱེད་ཕྱོགས་དང་དེའི་ཡར་རྒྱས་ཀྱི་གནང་སྟངས་སྐོར་སྙན་གསན་ཞུས་ཡོད།
འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཚོགས་རྒྱུ་ཡིན་པའི་སྐོར་དང་། དེ་བཞིན་ཚོགས་འདུའི་གྲོས་འཆར་ཁག་ངོ་སྤྲོད་དང་། དུས་ཚོད་ཐུང་ཐུང་འདི་བེད་སྤྱོད་ཚད་ལྡན་བཏང་སྟེ་གལ་ཆེའི་གནད་དོན་ཐོག་དོན་ཕན་ལྡན་པའི་བགྲོ་བསྡུར་གནང་དགོས་གལ་ཐོག་ནན་བརྗོད་གནང་ཞིང་། སྐབས་དེར་གཙོ་བོ་འཕྲོད་བསྟེན་གྱི་སྲིད་བྱུས་གཏན་འབེབས་བྱ་རྒྱུ་དང་། འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་བྱ་རྒྱུ་སོགས་ཀྱི་གྲོས་གཞི་ཁག་ལ་དམིགས་བསལ་དོ་སྣང་གནང་ཡོད།
མཐར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བདེ་ལེགས་སྨན་ཁང་གི་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་བའི་སྐབས། སྨན་ཁང་གི་མཐུན་རྐྱེན་དང་། སྤྱི་ཡོངས་ཀྱི་འགྲོ་སྟངས་བཅས་ཀྱི་ཐོག་བསྐྱར་ཞིབ་གནང་ཡོད། དེ་བཞིན་བཀའ་བློན་མཆོག་གིས་ནད་པ་རྣམས་དང་ཐུག་འཕྲད་གནང་བ་བརྒྱུད་ནད་པའི་འཕྲོད་བསྟེན་གྱི་གནས་སྟངས་དང་། མྱོང་ཚོར། དེ་བཞིན་སྨན་ཁང་གི་ཞབས་ཞུའི་ཐོག་རྒྱུས་མངའ་ཟབ་པོ་བྱུང་ཡོད་པ་བཅས། །




