འབྲུག་རྒྱལ་ཁབ་ཀྱིས་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས།

3 hours ago

འབྲུག་རྒྱལ་ཁབ་ཀྱིས་ལྷ་བབས་དུས་ཆེན་དང་བསྟུན་ཆུ་ཚོད་དགུའི་རིང་བྱང་ཆུབ་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་བསྐྲུན་བྱས།

ཁ་སང་ཕྱི་ཚེས་ ༡ ཉིན། འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་སྣེ་ཁྲིད་འོག་ལྷ་བབས་དུས་ཆེན་དང་བསྟུན་ཏེ། འབྲུག་རྒྱལ་ཁབ་ཀྱི་དགེ་ལེགས་ཕུག་ཏུ་ཆུ་ཚོད་དགུའི་རིང་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་འདུག

མཆོད་རྟེན་བརྒྱ་དང་བརྒྱད་ལེགས་འགྲུབ་ཀྱི་མཛད་སྒོར་འབྲུག་རྒྱལ་ཁབ་ཀྱི་རྗེ་མཁན་པོ་དང་། བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པའི་ཁྲོད་ནས་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ། དགའ་ལྡན་ཁྲི་པ། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ། གྱང་ཁང་རིན་པོ་ཆེ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། ཡོངས་འཛིན་གླིང་རིན་པོ་ཆེ། ཐའེ་ལེན་ཌི་ཡི་སྲིད་བློན་ཨ་ནུ་ཐིན་ཆར་ཝི་ར་ཀུལ་ (Anutin Charvirakul) ། རྒྱ་གར་གྱི་དབུས་བློན་ཆེན་ཀེ་རིན་རི་ཇི་ཇུ་ (Kiren Rijiju) ། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་ལི་ལིན་ཅེ་ (Jet Li) ། དེ་བཞིན་ནང་པའི་རྒྱལ་ཁབ་ཁག་ནས་སྐུ་མགྲོན་གཙོ་བོ་ ༧༠ ལྷག་ཕེབས་ཡོད་འདུག

བརྒྱ་དང་བརྒྱད་ཅེས་པའི་གྲངས་འབོར་དེ་ནི་ནང་པའི་ཆོས་ལུགས་ནང་དོན་སྙིང་ཁྱད་པར་ཅན་ཡོད་ལ། སངས་རྒྱས་ཀྱི་གསུང་དུ་གྲགས་པའི་བཀའ་འགྱུར་ལ་སྲོལ་རྒྱུན་ལྟར་ན་པོད་བརྒྱ་དང་བརྒྱད་ཡོད་པ་དང་། ནང་པའི་ཕྲེང་བ་ཡང་བརྒྱ་དང་བརྒྱད་ལ་བརྩིས་ནས་བགྲང་བ། ཆོས་ཀྱི་གཞུང་ལུགས་ནང་་ཉོན་མོངས་པ་བརྒྱ་དང་བརྒྱད་ལས་ཐར་བར་བྱེད་པའི་ཉམས་ལེན་གྱི་སྐོར་གསུངས་ཡོད་པས་གྲངས་ཀ་དེ་ལྟར་བཞག་པ་ཞིག་རེད་འདུག

དེར་འབྲུག་རྒྱལ་ཁབ་ཀྱི་རྒྱལ་པོ་མཆོག་གིས་དབུ་འབྱེད་མཛད་སྒོའི་ཉིན་མོ་དེར། མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་དགོས་པའི་ཐད་ནས། འབྲུག་པའི་མི་རིགས་མཐུན་སྒྲིལ་དང་། སྤོབས་པ། དམ་བཅའ་ཟབ་མོ་མཚོན་ཞིང་། ང་ཚོས་དགོས་དམིགས་ནི་རང་ཉིད་ལ་ར་སྤྲོད་བྱེད་པའི་ཆེད་དུ་ཡིན། མདུན་དུ་འཕྲད་པའི་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྐབས་སུ། ང་ཚོས་མཉམ་རུབ་བྱས་ཚེ་ང་ཚོས་བསྒྲུབ་ཐུབ་པ་ལ་ཚད་བཀག་ཅི་ཡང་མེད་ཅེས། གསུངས་འདུག རྒྱལ་པོའི་དགོངས་པའི་ནང་གི་དགེ་ལེགས་ཕུག་གི་དྲན་ཤེས་གྲོང་ཁྱེར་ (GMC) ནི་སྤྱིར་བཏང་གི་དཔལ་འབྱོར་ལྟེ་གནས་ཤིག་མ་ཡིན་པར། ཆོས་དང་དད་པས་སྐུལ་མ་བྱས་པའི་འཛམ་གླིང་གི་དཔལ་འབྱོར་ལྟེ་གནས་ཤིག་བསྐྲུན་ཆེད་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་། ན་གཞོན་རྣམས་ཕྱི་རྒྱལ་ལ་མི་འགྲོ་བར་རྒྱལ་ནང་དུ་སྡོད་ཐུབ་པ་བྱེད་པ། རྒྱལ་སྤྱིའི་མ་དངུལ་དང་ཚད་ལྡན་གྱི་ཚོང་ལས། ཚན་རྩལ། ཤེས་ཡོན། ཡུལ་སྐོར། དངུལ་རྩིའི་ཞབས་ཞུ་སོགས་འདྲེན་པར་ནང་སེམས་ཞི་བདེ་དང་དཔལ་འབྱོར་དར་རྒྱས་གཉིས་ཀར་ལྷན་དུ་དམིགས་པའི་དྲན་ཤེས་དང་འབྱོར་ཕྱུག་གི་གྲོང་ཁྱེར་ཞིག་བཟོ་བའི་དམིགས་ཡུལ་ཡིན་འདུག

གཞན་ཡང་མཆོད་རྟེན་བརྒྱ་དང་བརྒྱད་ཀྱི་ནང་ནས་མཆོད་རྟེན་ ༧༦ པ་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ (Narendre Modi) ལ་ཆེ་བསྟོད་ཀྱི་ཚུལ་དུ་བཞེངས་ཡོད་པ་དང་། འབྲུག་གི་རྒྱལ་པོས་དེ་ནི་གཏན་དུ་གནས་པའི་མཚོན་རྟགས་ཤིག་ཏུ་བརྩིས་ནས་ (GMC) དགེ་ལེགས་ཕུག་གི་དྲན་ཤེས་གྲོང་ཁྱེར་ཞེས་པའི་ལས་གཞིར་རྒྱ་གར་གྱིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་མཚོན་བྱེད་དང་། དེ་བཞིན་སྲིད་བློན་མཆོག་དགུང་ལོ་ ༧༦ ལ་ཕེབས་པའི་རྐྱེན་གྱིས་ཨང་གྲངས་ ༧༦ བདམས་པ་ཡིན་ཞེས་བརྗོད་འདུག

བྱང་ཆུབ་མཆོད་རྟེན་དེ་དག་ནི་སྦྱོར་བརྡར་ཐོབ་པའི་དྭང་བླངས་ལས་མི་ ༤༠༠༠༠ ཙམ་གྱིས་བཞེངས་པ་ཡིན་ལ། མཆོད་རྟེན་རེ་རེའི་མཐོ་ཚད་མི་ཊར་ ༡༥ དང་། མཆོད་རྟེན་རེ་རེའི་བར་ཐག་ལ་མེ་ཊར་ ༡༠༨ ཡོད་པ། མོ་ཆུ་གཙང་བོའི་ (Mo Chhu River) ཤར་ངོས་སུ་བསྟར་དུ་བསྒྲིགས་ནས་བཞེངས་ཡོད་འདུག དགེ་ལེགས་ཕུག་ནི་འབྲུག་གི་རྒྱལ་ས་ཐིམ་ཕུ་ནས་ལྷོ་ཤར་གྱི་སྤྱི་ལེ་ ༢༤༠ ཙམ་གྱི་སར་ཆགས་པའི་རྒྱ་གར་ཨ་སམ་གྱི་ཆི་རཱང་ (Chirang) རྫོང་གི་ས་མཚམས་དང་འདྲེས་བསྡད་ཡོད་པ་ཞིག་རེད་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post འབྲུག་རྒྱལ་ཁབ་ཀྱིས་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས། appeared first on བོད་ཀྱི་དུས་བབ།.

Original Article