ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག།

3 hours ago

རྩོམ་པ་པོ། ཕྱག་ན་རྡོ་རྗེ།

ངོ་སྤྲོད།

དུས་ཡུན་རིང་པོར་གཞན་གྱི་དབང་སྒྱུར་འོག་གཉའ་གནོན་འཁུར་མྱོང་བའི་མི་རིགས་སུ་འདྲ་ཞིག་ཡིན་ན་ཡང་། མི་རིགས་དེའི་རྩ་དོན་འཐབ་རྩོད་ཀྱི་ལོ་རྒྱུས་དེ་འཐབ་རྩོད་བྱེད་པ་ནས་རྒྱལ་ཁ་ཐོབ་སོང་བའི་ལམ་ཁ་དྲང་པོ་ཞིག་གཏན་ནས་མིན། ལོ་ངོ་བཅུ་ཕྲག་གམ་བརྒྱ་ཕྲག་མང་པོ་འགོར་མྱོང་བའི་རྩ་དོན་འཐབ་རྩོད་གང་འདྲ་ཞིག་ཡིན་རུང་། དེར་རྒྱལ་ཁའི་རེ་བ་དང་། ཕམ་ཁ། འཐབ་རྩོད་ཀྱི་ཁ་ཕྱོགས་སམ་འཐབ་ཇུས་འགྱུར་བ། སྒྲིག་འཛུགས་ལ་གྲགས་འགུལ་མེད་པར་ལྷག་པ། ནང་ཁུལ་རྩོད་རྙོག་བསྟུད་མར་བྱུང་བ་སོགས་གནས་སྟངས་མང་པོ་ཞིག་དང་འཕྲད་པ་ཆོས་ཉིད་དུ་གྲུབ་ཡོད། དེ་ལྟ་ནའང་། ནང་ཁུལ་རྩོད་རྙོག་དེ་དག་གིས་འཐབ་རྩོད་པ་ཚོས་རྩ་དོན་ཡལ་བར་དོར་སོང་བ་མཚོན་པ་མིན། མཚན་རིང་ན་རྨི་ལམ་མང་ཟེར་བ་བཞིན། ཡུན་རིང་བའི་འཐབ་རྩོད་ཀྱིས་མི་མང་ནང་ཆབ་སྲིད་ཀྱི་གནས་བབ་བམ་འཕོ་འགྱུར་སྣ་ཚོགས་པར་འགྲེལ་བརྗོད་སྣ་ཚོགས་པ་ཡོང་བའི་སྒེ་འབྱེད་པ་དང་། མངོན་གསལ་དོད་པའི་གྲུབ་འབྲས་མ་ཐོན་དུས་འཐབ་ཇུས་གང་ཞིག་ལེགས་མིན་གྱི་བསམ་ཚུལ་ཡང་སྣ་ཚོགས་སྐྱེ་བའི་རྐྱེན་བྱེད་པ་རེད། རྩོམ་ཐུང་འདིའི་ནང་དུ། བོད་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་ནང་ཁུལ་རྩོད་རྙོག་སྐོར་ཆབ་སྲིད་སེམས་ཁམས་རིག་པའམ། སྲིད་དོན་སེམས་ཁམས་རིག་པ་དང་(political psychology)། སྤྱི་ཚོགས་ལས་འགུལ་(social movement) ལ་ཞིབ་འཇུག་བྱེད་ཐབས་སྤྱད་ནས་མིག་སྔའི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གནས་བབ་ལ་རོབ་ཙམ་བལྟ་རྒྱུ་ཡིན། རྩོམ་ཡིག་འདིའི་དམིགས་ཡུལ་གཙོ་བོ་དབུ་མའི་ལམ་དང་རང་བཙན་གང་རུང་ཡང་དག་ཡིན་མིན་གླེང་རྒྱུ་མ་ཡིན་པར། ནང་ཁུལ་ལྟ་ཚུལ་མི་མཐུན་པའི་རིགས་ཅིའི་ཕྱིར་ཡོང་གི་ཡོད་མེད་དང་། དེ་ལ་སྲིད་ཇུས་རང་བཞིན་གྱི་ཞིབ་འཇུག་དང་། དོན་དམ་པའི་གྲོས་མོལ་བརྒྱུད་ལྟ་ཚུལ་མི་མཐུན་པའི་རིགས་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་སུ་ཇི་ལྟར་བསྒྱུར་ཐུབ་མིན་སྐོར་ལ་རོབ་ཙམ་གླེང་རྒྱུ་ཡིན།

སེམས་ཁམས་རིག་པ་དང་། སྤྱི་ཚོགས་ལས་འགུལ་གྱི་ལྟ་ཕྱོགས།

སྲིད་དོན་སེམས་ཁམས་རིག་པའི་ནང་། Social Identity Theory ཟེར་བ་ཞིག་ཡོད་ཅིང་།  དེ་ནི་མི་སྒེར་སོ་སོས་སྤྱི་ཚོགས་ནང་གི་ཚོགས་པ་གང་ཞིག་གི་ཁོངས་སུ་གཏོགས་མིན་ལ་བརྟེན་ནས་རང་ཉིད་ཀྱི་ངོ་བོ་དང་རིན་ཐང་ངོས་འཛིན་བྱེད་ཚུལ་བཤད་པའི་སེམས་ཁམས་རིག་པ་དང་སྤྱི་ཚོགས་རིག་པའི་གཞུང་ལུགས་ཤིག་ཡིན། འདིར་གོ་བདེ་བའི་ཆེད་བོད་སྐད་དུ་སྤྱི་ཚོགས་ངོ་བོའི་རྣམ་གཞག་(Social identity theory) ཞེས་ཐད་སྒྱུར་བྱེད་རྒྱུ་ཡིན། བཤད་མ་ཐག་པ་ལྟར། སྤྱི་ཚོགས་ངོ་བོའི་རྣམ་གཞག་གིས་བསྟན་པ་ལྟར་ན། མི་རྣམས་ཀྱིས་རང་ཉིད་ཀྱི་ངོ་བོའི་ཆ་ཤས་ཤིག་རང་ཉིད་སྤྱི་ཚོགས་ནང་གི་ཚོགས་པ་གང་ཞིག་གི་ཁོངས་སུ་གཏོགས་མིན་ལ་ལྟོས་ཏེ་དང་ལེན་བྱེད་པ་རེད(Tajfel & Turner, 1979)། རྒྱུ་མཚན་དེ་ལ་བརྟེན་ནས། མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཁྲོད། ཆབ་སྲིད་ཀྱི་ལྟ་ཚུལ་མི་མཐུན་པའི་རིགས་རིམ་བཞིན་ངོ་བོ་དང་དམ་ཚིག་གཙང་མིན་གྱི་དོགས་གཞིར་འགྱུར་འགྲོ་བ་རེད། དམིགས་བསལ་གྱིས་སློབ་གསོས་བློ་མ་སྒྱུར་བའི་རིགས་ཀྱིས་རང་གི་ལྟ་བ་དང་ལངས་ཕྱོགས་ཁོ་ན་བདེན་པ་དང་ཡང་དག་པ་དང་། གཞན་དག་ནི་ཟེར་འབྲངས་དང་དམ་ཚིག་ལོག་པའི་ལམ་དུ་མཐོང་བའམ་སྒྲུབ་ཐབས་བྱེད་པ་རེད།

ཁིལནྜར་མེནྶི་(Klandermans 1997) ཡིས་མཉམ་རུབ་ཀྱི་ལས་འགུལ་ནི། གནས་བབ་གང་ཞིག་ལ་ཡང་དག་པའི་འགྱུར་ལྡོག་ཅིག་ཡོང་རྒྱུར་ཐུན་མོང་གི་ཡིད་ཆེས་དང་། ཚང་མ་སྒྲིག་འཛུགས་གང་རུང་གཅིག་གི་ཁོངས་སུ་གཏོགས་པའི་འདུ་ཤེས་བརྟན་པོ་ཡོད་པ། མཉམ་རུབ་ཀྱིས་ཆབ་སྲིད་འཕོ་འགྱུར་གྱི་གོ་སྐབས་ལེན་ཐུབ་པ། རང་གི་མཉམ་ཞུགས་ལ་ནུས་པ་ཐོན་ངེས་པར་འདོད་པ་སོགས་ཀྱིས་གྲུབ་པ་ཞིག་ཡིན་ཞེས་ནན་བརྗོད་བྱས་ཡོད། གོ་བདེ་བོར་བཤད་ན། མི་རིགས་ཤིག་གི་འཐབ་རྩོད་རྒྱུན་གནས་ཐུབ་པ་ལ། དེར་གཏོགས་མི་མང་ནང་རང་གི་རྩ་དོན་འཐབ་རྩོད་ཀྱི་དམིགས་ཡུལ་ལ་གཅིག་གྱུར་ཀྱི་ངེས་ཤེས་ཡོད་པ་དང་། རང་ཉིད་མི་རིགས་དེའི་ཁོངས་སུ་གཏོགས་པའི་འདུ་ཤེས་གཅིག་གྱུར་ཡོད་པ། རང་གི་རྩ་དོན་འཐབ་རྩོད་ཀྱི་སྣེ་ཁྲིད་པའི་སྒྲིག་འཛུགས་ལ་ངོས་འཛིན་གཅིག་གྱུར་ཡོད་པ། ཕྱི་ནང་གི་ཆབ་སྲིད་འགྱུར་ལྡོག་ཅི་བྱུང་ལ་ཚང་མས་གོ་སྐབས་དམ་འཛིན་བྱེད་ཐུབ་པ། རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་ལས་དོན་ཆེ་ཆུང་གང་ཞིག་ཡིན་རུང་རང་ཉིད་དངོས་སུ་དེར་མཉམ་ཞུགས་བྱེད་དགོས་པ་དང་། མཉམ་ཞུགས་བྱེད་ན་རང་ངོས་ནས་ནུས་པ་ཞིག་འདོན་ཐུབ་པར་ཡིད་ཆེས་ཡོད་དགོས་ཟེར་བ་རེད།

༡༩༧༠ ལོར་ཧ་ཝརཌི་གཙུག་ལག་སློབ་གཉེར་ཁང་གིས་པར་སྐྲུན་ཞུས་པའི་ཨེར་བྷརཊ་ཧཱརྴི་མཱུན་གྱི་དེབ་(ཕྱིར་འབུད། བསམ་འཆར། དམ་ཚིག རྒུད་པར་ཕྱོགས་པའི་ཁེ་ལས་དང་། ཚོགས་སྡེ། རྒྱལ་ཁབ་སྐྱོབ་ཐབས།) ཞེས་པའི་ནང་གི་(བསམ་འཆར་)སྐབས་དོན་དང་ཧ་ཅང་འཚམས་པར་འདོད། འདིར་གསལ་བའི་ཕྱིར་འབུད་ནི། སྒྲིག་འཛུགས་ཤིག་གི་བྱེད་བབ་ལ་བློ་མ་ཁེངས་པར་སྒྲིག་འཛུགས་དོར་ནས་ཕྱིར་ཐོན་པ་དང་། བསམ་འཆར་ནི། བློ་མ་ཁེངས་པའི་གནས་སྟངས་དེར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་འདོད་ཀྱིས་དེ་ལ་བསམ་ཚུལ་འདོན་པ་དང་། སྐྱོན་བརྗོད་བྱེད་པ། ལམ་ལུགས་བསྐྱར་བཅོས་དགོས་པའི་རེ་འདུན་བཏོན་པ་སོགས་ལ་གོ་ཞིང་། དམ་ཚིག་ནི། སྒྲིག་འཛུགས་དེར་སེམས་ཆགས་ཤིང་སྒྲིག་འཛུགས་ཀྱི་གསོན་གནས་ལ་སེམས་ཁུར་ཡོད་པས། བློ་མ་ཁེངས་པའི་གནས་སྟངས་ཅི་བྱུང་ཡང་སྒྲིག་འཛུགས་མི་འདོར་བ་དང་བསམ་ཚུལ་དང་སྐྱོན་བརྗོད་བྱས་ནས་སྒྲིག་འཛུགས་ཀྱི་གནས་བབ་ལ་འགྱུར་བ་གཏོང་ཐབས་བྱེད་པ་རེད(Hirschman, A. O. (1970))། གལ་སྲིད། མི་རབས་བསྟུད་མར་ལྷག་པའི་མི་རིགས་ཁག་གི་འཐབ་རྩོད་ཁྲོད། དོན་དམ་པའི་བསམ་ཚུལ་བཤད་རྒྱུར་ཚད་བཀག་བྱུང་བ་ཡིན་ན་དེས་རང་བཞིན་གྱིས་ཅ་ཟིང་པོ་དང་། མཐར་ལྷུང་གི་ལྟ་བ་བསྐྱེད་པའམ། ཡང་ན་སྒྲིག་འཛུགས་ནང་ཁུལ་ཕན་ཚུན་འབྲེལ་འདྲེས་མེད་པར་ལྷག་པ་རེད།

༢༠༡༡ དང་༢༠༡༢ ནང་ནིའུ་ཡོག་གྲོང་ཁྱེར་དུ་བྱུང་བའི་ “ང་ཚོ་བརྒྱ་ཆའི་གོ་དགུ་ཡིན་” ཞེས་པའི་མི་མང་ལས་འགུལ་དཔེར་མཚོན་དུ་བཀོད་ན་འདི་ལྟ་སྟེ། དཔལ་འབྱོར་དོ་མི་མཉམ་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་འོག་གཞོན་སྐྱེས་མང་པོས་སྣེ་ཁྲིད་དེ་རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་ལྟེ་གནས་གྱང་ལམ་བཙན་བཟུང་ (Occupy Wall Street) གི་ལས་འགུལ་སྤེལ་ཞིང་། ནིའུ་ཡོག་ཙམ་མ་ཡིན་པར་ཨ་རི་དང་རྒྱལ་སྤྱིའི་ཁྱོན་དུ་གཡོ་འགུལ་ཆེན་པོ་ཐེབས། འོན་ཀྱང་། ངོ་རྒོལ་ལས་འགུལ་ལ་མངོན་གསལ་གྲུབ་འབྲས་མ་ཐོན་པ་དང་། དེར་མཉམ་ཞུགས་བྱེད་མཁན་ཚོར་གཅིག་གྱུར་གྱི་དགོས་འདུན་གསལ་པོ་ཞིག་དང་། དམིགས་ཡུལ་ངེས་ཅན་ཞིག ཐབས་ཇུས་ཁ་གསལ་ཞིག་མེད་པའི་རྐྱེན་གྱིས། མཐར་ལས་འགུལ་སྣེ་ཁྲིད་པའི་ཁྲོད་ལྟ་ཚུལ་མི་མཐུན་པའི་ཚིག་རྩོད་ནས་ལག་འཛིང་བར་གྱི་འགལ་རྐྱེན་བྱུང་། ནང་ཁུལ་གྱི་རྩོད་རྙོག་ཆེ་ཆུང་ཚང་མར་ཕྱི་རོལ་ནས་འགྲེལ་བཤད་སྣ་ཚོགས་པ་ཞིག་བྱུང་བའི་ཉེར་ལེན་གྱིས། མཐར་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། མཐར་ལས་འགུལ་འདིར་སྲིད་གཞུང་གིས་བཟང་ལན་ངན་ལན་གང་ཡང་སྟེར་མི་དགོས་པར་ལོ་གཅིག་གི་རྗེས་སུ་རང་ཞིག་ཏུ་སོང་བ་རེད (we are 99%)།

རྒྱལ་སྤྱིའི་ཁྱོན་དུ་རྣམ་པ་མི་འདྲ་བའི་སྤྱི་ཚོགས་ལས་འགུལ་མང་པོར་ཞིབ་འཇུག་བྱས་པའི་གྲུབ་དོན་ཁག་གིས་བསྟན་པ་ལྟར་ན། སྤྱི་ཚོགས་ངོ་བོ་(social identity) ནི་འགྱུར་མེད་གཏན་ཆགས་ཤིག་མིན། དབྱིན་ཇིའི་སྤྱི་ཚོགས་སེམས་ཁམས་རིག་པའི་དུས་དེབ་སྟེང་སྤེལ་བའི་ཇོན་ཌྲཡུརིས་དང་། ཟཁྲི་ཧྥིན་རྱི་ཆཱར་ (Drury and Reicher (2000) གཉིས་ཀྱི་ཞིབ་འཇུག་རྩོམ་ཡིག་ལྟར་ན། ཚོགས་འདུས་ཀྱི་ལས་འགུལ་གྱིས་དེར་མཉམ་ཞུགས་བྱེད་མཁན་ཚོས་རང་ཉིད་ལ་ངོས་འཛིན་བྱེད་སྟངས་དང་། ཚོགས་འདུས་དེར་མི་གཏོགས་པའི་ཚོགས་སྡེ་གཞན་བར་གྱི་འབྲེལ་བར་འཛིན་པའི་འདུ་ཤེས་ལ་འགྱུར་བ་གཏོང་བཞིན་ཡོད། གྲུབ་དོན་འདིས་བསྟན་དོན་གཙོ་བོ་ནི། འཐབ་རྩོད་ལས་འགུལ་གྱིས་དེར་མཉམ་ཞུགས་བྱེད་མཁན་ཚོའི་ཐུན་མོང་གི་ངོ་བོ་སྲ་བརྟན་དུ་གཏོང་བའམ། གནས་སྟངས་གཞན་དུ་འགྱུར་དུས་གུ་དོག་པའི་འགྲན་རྩོད་ཀྱི་རྩོད་རྙོག་བསྐྱེད་པ་དེ་རེད།

ལོ་རྒྱུས་ཀྱི་དཔེ་མཚོན། ཨྱར་ལན་ཌི། (Ireland)

ཨྱརི་ཞི་(Irish)མི་མང་གི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱིས་ང་ཚོར་བློ་ལ་འཇུག་བདེ་བའི་ལོ་རྒྱུས་བཤིབ་བསྡུར་གྱི་དཔེ་མཚོན་ཡག་པོ་ཞིག་སྤྲོད་ཐུབ། སྐབས་དེའི་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པ་དང་མཉམ་དུ་ལོ་མང་འཐབ་རྩོད་བྱས་རྗེས་ ༡༩༢༡ ལོའི་དབྱིན་ཨར་གྲོས་མཐུན་ཆིངས་ཡིག་(Anglo-Irish Treaty)བཞག་པ་དེས། ཨྱརི་ཞི་རྒྱལ་གཅེས་རིང་ལུགས་པ་ཚོའི་ཁྲོད་ཚད་ལས་བརྒལ་བའི་རྩོད་རྙོག་བཟོས་པ་རེད། ཁ་ཤས་ཀྱིས་གྲོས་མཐུན་དེ་རང་བཙན་གྱི་ཕྱོགས་སུ་གོམ་གང་མདུན་སྤོས་རེད་བསམ་ནས་ཁས་ལེན་བྱས་པ་དང་། ཁ་ཤས་ཀྱིས་གྲོས་མཐུན་དེ་ནི་ཁོང་ཚོའི་ཐོག་མའི་དམིགས་ཡུལ་རང་བཙན་གཙང་མའི་དགོས་འདུན་དང་བསྡུར་ན་ཁས་ལེན་བྱེད་ཐབས་མེད་པའི་བསྟུན་ཐབས་ཤིག་ཏུ་ངོས་འཛིན་བྱས་པ་རེད། ཁོང་ཚོ་ནང་ཁུལ་གྱི་རྩོད་གཞི་དེས་༡༩༢༢ ནས་༡༩༢༣ ལོའི་བར་གྱི་ཟླ་བཅུ་གཅིག་ལྷག་ཙམ་རིང་གི་ཨྱརི་ཞི་ནང་འཁྲུག་ཆེན་པོ་བསླངས་ཤིང་། མི་གྲངས་ཆིག་སྟོང་ལྷག་གི་ཚེ་སྲོག་ཤོར་བ་རེད། ཕྱིས་སུ་ཞིབ་འཇུག་པ་ཚོས་གྲོས་མཐུན་སྐོར་གྱི་བགྲོ་གླེང་འདི་དེ་འབྲེལ་གྱི་སྲིད་ཇུས་ཙམ་གྱི་སྐོར་མ་ཡིན་པར། གཙོ་བོ་ཕྱོགས་གཉིས་ནས་གྲོས་མཐུན་འདིའི་འོག་གི་ཨྱརི་ཞི་མི་མང་གི་ངོ་བོ་དང་། ཁྲིམས་ཀྱི་བདག་དབང་། རང་ཐག་རང་གཅོད་ཀྱི་གོ་དོན་སོགས་ལ་གོ་བ་ལེན་སྟངས་མ་འདྲ་བར་བརྟེན་ནས་བྱུང་བར་འདོད(Kissane, B. (2005))། དེ་ཙམ་མ་ཟད། འདི་ལོའི་ཟླ་དང་པོའི་ནང་། ལོ་རྒྱུས་ཞིབ་འཇུག་པ་ཞིག་གིས་ཨྱརི་ཞིའི་རྩ་དོན་འཐབ་རྩོད་པ་ཚོའི་ཁྲོད་སྐད་ཆ་བཤད་ཕྱོགས་དེ་ཉིད་ཁོང་ཚོ་ནང་ཕན་ཚུན་བར་གྱི་མཚོན་ཆར་ཇི་ལྟར་གྱུར་ཡོད་མེད་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་ཅིག་བཏོན་ཡོད་(Ó Drisceoil, 2026)། རྩོམ་ཡིག་དེར་ཁོང་གིས་ཨྱརི་ཞི་རང་བཙན་འཐབ་རྩོད་པ་ཚོ་ནང་ཁུལ་ཏུ་ལྟ་ཚུལ་མི་མཐུན་པ་བྱུང་བའི་རྗེས། ཕྱོགས་གཉིས་ཀས་རང་རང་གི་ལྟ་བ་ཡང་དག་པར་སྒྲུབ་ཆེད་དང་། གཞན་གྱི་ལྟ་བ་ལངས་ཕྱོགས་ནོར་འཁྲུལ་ཏུ་སྒྲུབ་ཆེད་རང་ཕྱོགས་དྲིལ་བསྒྲགས་དང་། ཆབ་སྲིད་བསྒྲགས་གཏམ། གསར་འགྱུར་བརྒྱུད་ལམ། གཞན་གྱི་གླེང་ཕྱོགས་ལ་ཚོད་འཛིན། ཕྱོགས་གཞན་ནག་པོར་སྒྲུབ་ཆེད་བཀོལ་བའི་སྐད་ཆ་སོགས་ཇི་ལྟར་བེད་སྤྱོད་བྱས་ཡོད་མེད་ལ་བརྟག་ཅིང་། ཆབ་སྲིད་ཀྱི་གླེང་ཕྱོགས་དེ་དག་གིས་ཕྱོགས་གཉིས་ཀར་ཕན་ཚུན་ནག་པོ་བཟོས་པ་དང་། ཕན་ཚུན་མི་དགའ་བའི་སྡང་སེམས་ཇེ་ཆེར་བཏང་བ་ལས། རྩ་བའི་རྩོད་གཞིའི་ཁ་ཇེ་གསལ་ཏུ་བཏང་ཐུབ་མེད་པ་རྟོགས་ཡོད།  ཨྱརི་ཞིའི་ཉམས་མྱོང་དེས་ང་ཚོར་ཤེས་བྱ་གལ་ཆེན་ཞིག་མཁོ་སྤྲོད་བྱས་ཡོད། ཡུན་རིང་བའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་། འཐབ་ཇུས་ཐད་མི་མཐུན་པའི་ལྟ་ཚུལ་དེ་དག་རྩོད་གཞིར་གྱུར་དུས། རྩོད་པ་དེའི་ངོ་བོ་འགྱུར་ནས་རིམ་བཞིན་སུ་ཞིག་རྩ་དོན་གང་རུང་གི་བདག་པོ་ངོ་མ་ཡིན་མིན་དང་། དམ་ཚིག་གཙང་མིན་གྱི་དོགས་འདྲིའི་མཚོན་པའི་སེམས་ཚོར་ཙམ་གྱི་རྩོད་གཞིར་འགྱུར་འགྲོ་བ་དེ་རེད།

 བོད་ཀྱི་རྩ་དོན་འཐབ་རྩོད།

བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གནས་བབ་གོང་གི་ལོ་རྒྱུས་དེ་དང་བསྡུར་རུང་ཡང་རྩ་བའི་གནས་བབ་མི་འདྲ། སྤྱི་ལོ་༡༩༨༠ སྨད་ཙམ་ནས་བཟུང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་ཚོགས་ཆེན་དང་། སྤྱི་འཐུས་གྲོས་ཚོགས་བརྒྱུད་དབུ་མའི་ལམ་གྱི་སྲིད་ཇུས་གཏན་ལ་ཕབ་པ་རེད། དབུ་མའི་ལམ་གྱི་དགོས་འདུན་གཙོ་བོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་བསྐྲུན་རྒྱུ་དེ་རེད། དགོས་འདུན་འདི་ཉིད་ཁ་གསལ་ཏུ་བཏང་བའི་ “བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐབས་ཀྱི་བསམ་འཆར་ཡིག་ཆ་” ཞིག་སྤྱི་ལོ་༢༠༠༨ ལོར་པེ་ཅིང་ལ་སྤྲད་ཡོད་(CTA 2008)། བསམ་འཆར་ཡིག་ཆ་འདིའི་ནང་ཁ་གསལ་བོར་བཀོད་དོན་གཙོ་བོ་གཅིག་ནི། བོད་དེ་རྒྱ་ནག་དང་ཁ་བྲལ་མི་འགྲོ་བ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་རྒྱུན་མར་གནས་རྒྱུ་ཡིན་པ་དེ་ཡིན། བསམ་འཆར་ཡིག་ཆ་འདིས། ཆེས་མཐོ་བའི་རང་སྲིད་རང་སྐྱོང་ངམ། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་ཙམ་མ་ཡིན་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་རང་སྲིད་རང་སྐྱོང་ཟེར་བའི་ཐ་སྙད་འདིར་གཅིག་གཅིག་གཉིས་གཉིས་བྱས་ནས་འགྲེལ་གསལ་པོར་བྱས་ཡོད། དེ་ལྟ་ནའང་། རྒྱ་ནག་སྲིད་གཞུང་ངོས་ནས་བསམ་འཆར་ཡིག་ཆ་འདིར་ངོས་ལེན་དང་བསམ་ཤེས་གང་ཡང་བྱས་མེད་པ་མ་ཟད། དེར་ཁོང་ཚོའི་གོ་བ་ལེན་ཕྱོགས་ཀྱི་འགྲེལ་བཤད་ཀྱང་བྱས་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་མཚུངས་ཀྱི་གསལ་བཤད་ཅིག་ཀྱང་གནང་ཡོད་པ་རེད། གནས་སྐབས་དེ་དང་དེའི་སྔ་རྗེས་སུའང་། བཙན་བྱོལ་བོད་མིའི་བརྒྱ་ཆའི་བརྒྱ་ཡིས་རང་སྐྱོང་གི་གནས་བབ་དེར་མོས་མཐུན་བྱས་མེད།

སྤྱི་ལོ་༢༠༢༥ ལོའི་ལོ་མཇུག་བར། རྒྱལ་སྤྱིའི་ཁྱོན་དུ་བཙན་བྱོལ་བ་མི་གྲངས་ས་ཡ་བརྒྱ་དང་བཅོ་བརྒྱད་ཙམ་ཡོད་མོད། དེ་དག་ཁྲོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འདས་པའི་ལོ་དྲུག་ཅུ་ལྷག་གི་རྒྱལ་ཁའི་གྲུབ་འབྲས་ལྟ་བུ་ལོན་མཁན་གཅིག་ཀྱང་བྱུང་མེད། ཡིན་ན་ཡང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱང་མཇུག་མཐའི་རྒྱལ་ཁ་སྟེ། རང་བཙན་བསྐྱར་གསོའམ། ཡང་ན་མིང་དོན་མཚུངས་པའི་རང་སྐྱིད་རང་སྐྱོང་གི་གནས་བབ་ཅིག་ད་དུང་ལེན་ཐུབ་མེད་པས་དམིགས་ཡུལ་དང་འཐབ་ཇུས་ཐད་བགྲོ་གླེང་མུ་མཐུད་དུ་ཡོང་བཞིན་ཡོད། བོད་མིའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་འཐབ་ཇུས་འདི་༧གོང་ས་མཆོག་དང་སྦྲེལ་ནས་མུ་མཐུད་རྒྱབ་སྐྱོར་བྱེད་མཁན་ཞིག་དང་། རང་བཙན་གཙང་མ་རྩོད་དགོས་པར་འདོད་པའི་མི་སྐོར་ཞིག་གཉིས་སུ་གྱེས་ཡོད། ལྟ་བ་དང་ལངས་ཕྱོགས་ཀྱི་ཁྱད་པར་འདི་༧གོང་ས་མཆོག་དང་བོད་ལ་ཤ་ཞེན་ཡོད་མེད་ཀྱི་ཤན་འབྱེད་ཅིག་གཏན་ནས་མིན་མོད། དཀྱེལ་ཡངས་དང་བསམ་ཤེས་ཀྱི་བློ་ཁོག་ཆེར་མེད་པའི་མི་ཚོགས་ཁྲོད་གནས་ལུགས་སེམས་ཚོར་གྱིས་ཚབ་བྱེད་སླ་བ་དང་། ལྟ་བ་མི་མཐུན་པ་ཞིག་འབུར་འཇོམས་བྱེད་པ་ལ་སྤྱོད་སྒོ་ཆེས་ཆེ་བ་ནི་གཞན་གྱི་ཀུན་སློང་ནག་སྒྲུབ་བྱེད་རྒྱུ་དེ་ཡིན་པས། ཨྱརི་ཞིའི་ནང་འཁྲུག་གི་ལོ་རྒྱུས་བསྐྱར་ཟློས་བྱེད་ཉེན་མེད་པ་ཞིག་མིན། དེ་བས་ཀྱང་གལ་ཆེ་བ་ཞིག་ནི། ཁ་སང་དེ་རིང་ནི་བརྡ་འཕྲིན་གྱི་དུས་རབས་ཡིན་པ་དང་། བཤད་ཡམས་ཁྱབ་མགྱོགས་པ་དང་། བོད་ཀྱི་ཁ་གཏད་ནི་དྲ་རྒྱའི་དུས་རབས་ཀྱི་རླུང་གི་ཁ་ཕྱོགས་སྒྱུར་མཁན་རྒྱ་ནག་ཡིན་པ་དེ་རེད།

སྤྱི་ལོ་༢༠༢༧ ལོའི་ཟླ་༧ ཚེས་༡ ཉིན། རྒྱ་ནག་གིས་ “མི་རིགས་འཆམ་མཐུན་དང་འཕེལ་རྒྱས་”ཀྱི་སྲིད་ཇུས་ཞེས་པ་ཞིག་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་ཡོད(རྒྱ་ནག་དྲིལ་བསྒྲགས་པུའུ་ཡི་དྲ་བར་གཟིགས། )། སྲིད་ཇུས་གསར་པ་འདིའི་མིང་ལ་ཅི་ཞིག་བཏགས་ཡོད་ཀྱང་། བོད་མི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་དེ་ནི་བོད་གཙོས་པའི་མི་རིགས་གཞན་དག་གི་ངོ་བོ་རྩ་མེད་བཏང་ནས། ཡོད་ཚད་རྒྱ་རིགས་ཅན་དུ་བསྒྱུར་བའི་མི་རིགས་དང་རིག་གཞུང་རྩ་མེད་གཏོང་བྱེད་ཀྱི་ལག་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། བོད་མི་རང་བཙན་འཐབ་རྩོད་པ་ཚོར་མཚོན་ན། སྲིད་ཇུས་འདིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་པའི་བརྡ་ལན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

གྲོས་མོལ་ནི་འཆམ་མཐུན་གྱི་ལྡེ་མིག་ཡིན།

ལྟ་ཚུལ་མི་མཐུན་པ་ནི་ཉེན་ཁ་ཞིག་མིན། ལྟ་ཚུལ་མི་མཐུན་པ་དེ་ཕན་ཚུན་ཡིད་ཆེས་བརླག་པའི་རྒྱུ་རུ་འགྱུར་བའི་བརྒྱུད་རིམ་ནི་ཉེན་ཁ་ཆེ་བ་ཞིག་ཡིན། གལ་སྲིད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རང་བཙན་འཐབ་རྩོད་པ་ཚོ་ནི་དམ་ཚིག་མི་གཙང་བར་བཤད་ན། རང་བཙན་རྩོད་མཁན་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ནི་བོད་ཞེན་མེད་པའི་རིགས་ལ་སྙོན་འཛུགས་བྱེད་ངེས་ཤིང་། ཕྱོགས་གང་རུང་གིས་སྤྱི་བའི་སྒྲིག་འཛུགས་དང་དེའི་འགོ་ཁྲིད་སོགས་ཀྱི་ཁྲིམས་མཐུན་གནས་བབ་ལ་དོགས་འདྲི་བྱེད་པ་སོགས་ཀྱིས། རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་ནང་འཛིང་ལ་གྱུར་ནས་ཕྱོགས་མཐར་ལྷུང་བའི་སྣང་ཚུལ་འབྱུང་བ་རེད། སྤྱི་ཚོགས་ངོ་བོར་ཞིབ་འཇུག་(social identity research)གིས་བསྟན་པ་ལྟར་ན། ནམ་ཞིག་ལྟ་ཚུལ་མི་མཐུན་པའི་ལངས་ཕྱོགས་དེ་ཚོགས་སྡེའི་ངོ་བོར་གྱུར་སོང་བ་ཡིན་ན། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་རིགས་དེ་ཞི་འཇགས་སུ་གཏོང་རྒྱུ་ཧ་ཅང་དཀའ་བར་འདོད་(Tajfel & Turner, 1979)།

དེ་བས། གྲོས་མོལ་ནི་གུས་བརྩིའི་རྣམ་པ་ཙམ་མིན། མི་མང་གི་སྤྱི་མཐུན་གྱི་ངོ་བོ་སྲུང་སྐྱོབ་དང་རྒྱུན་གནས་བྱེད་པར་དོན་དམ་པའི་གྲོས་མོལ་ནི་མེད་དུ་མི་རིང་བ་ཡིན། བཙན་བྱོལ་བོད་མི་ཚོར་མཚོན་ན། གྲོས་མོལ་བྱེད་པར་རང་གི་གཅེས་པར་འཛིན་པའི་རང་བཙན་ལྟ་བའམ། ཡང་ན་དབུ་མའི་ལམ་གྱི་ལྟ་བ་དང་ལངས་ཕྱོགས་དོར་མི་དགོས། རང་བཙན་དང་དབུ་མ་གང་ཞིག་ཡིན་ཡང་། བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་མཐོར་འདེགས་བྱེད་རྒྱུ་གཉིས་ཀའི་ཐུན་མོང་གི་མངོན་འདོད་ཡིན་དགོས་པས། ལྟ་ཚུལ་མི་མཐུན་རིགས་མི་མཐུན་སར་བཞག་ནས་མཐུན་སར་ནུས་པ་མཉམ་སྤུངས་བྱེད་ཆོག ཕན་ཚུན་མཉམ་ལས་བྱེད་པའི་བརྒྱུད་རིམ་དེའི་ཁྲོད་འཐབ་ཇུས་གསར་པ་རྙེད་སྲིད་པ་མ་ཟད། དུས་རྒྱུན་མི་མཐུན་པའི་རྒྱུ་ཁོ་ན་གནམ་ལ་འཕྱར་བ་ལས། དོན་ཕན་ལྡན་པའི་སྐད་ཆ་མི་བཤད་པ་དང་། དོན་ཕན་ལྡན་པའི་ལས་དོན་གང་ལ་ཡང་མི་འཇུག་པའི་མི་ཡོད་ན་དེ་དག་ཀྱང་རང་བཞིན་གྱིས་ལྷང་བ་བུད་འགྲོ་བས། ཆུ་རྙོག་ནས་ཉ་མོ་འཛིན་མཁན་ཡང་ཇེ་ཉུང་དུ་འགྲོ་བ་རེད། མིག་སྔའི་གནས་བབ་ནི་ཕྱོགས་གཉིས་ཀ་མཐའ་ལ་ལྷུང་ཞིང་། ཕན་ཚུན་དོན་ཕན་ལྡན་པའི་གྲོས་མོལ་མེད་པ་དེ་ཡིན་ཞིང་། གནས་སྟངས་འདི་ནི་རང་གི་ཁ་གཏད་ལ་མཚོན་ན་ཆེས་ལེགས་པའི་གོ་སླབས་ཤིག་ཡིན།

སྤྱི་ལོ་༢༠༢༦ ལོའི་ཟླ་༧ ཚེས་༢ ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གནས་བཞུགས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེ་ལ་བསྲེགས་པ་རེད། རང་བསྲེགས་ལས་འགུལ་མ་སྤེལ་གོང་གི་ཆུ་ཚོད་ཁ་ཤས་ནང་ཁོང་གིས་བོད་མི་སྤྱི་དང་། དམིགས་བསལ་གྱིས་བཙན་བྱོལ་བོད་མི་ཚོར་ཁ་ཆེམས་དོན་ཚན་གཙོ་བོ་གཉིས་ཁོང་རང་གི་ངོ་དེབ་བརྒྱུད་བརྙན་ལམ་ནས་བཞག་ཡོད། རུ་ཊར་གསར་ཁང་གིས་ “རང་བཙན་ལགས་ཀྱིས་བཙན་བྱོལ་བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་ལ་སྒྲིལ་རྒྱུ་དང་བོད་རང་བཙན་བསྐྱར་གསོ་ཡོང་རྒྱུར་འབོད་སྐུལ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་ཇུས་ལ་ངོ་རྒོལ་” བྱས་ཡོད་པར་བཤད་ཡོད། (Reuters ( ཁོང་གི་བློས་གཏོང་དེས་ཕྱོགས་མཐར་ལྷུང་བཞིན་པའི་སྤྱི་ཚོགས་ཤིག་གཅིག་ཏུ་སྒྲིལ་འགོ་བརྩམས་ཡོད་པ་མ་ཟད། མི་རབས་གསར་པའི་སེམས་སུ་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་མེ་ལྕེ་དྲག་པོ་སྤར་ཡོད།

མཇུག་སྡོམ།

 དུས་ཡུན་རིང་བའི་མི་རིགས་ཤིག་གི་རྩ་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ཁག་གི་ཉམས་མྱོང་ལ་གཞིགས་ན། ནང་ཁུལ་ལྟ་ཚུལ་མི་མཐུན་པའི་རིགས་ཁོ་རང་འཐབ་རྩོད་ལ་ཕམ་ཉེས་བྱུང་བའི་རྟགས་མཚན་གང་ཡང་མིན། ཨྱརི་ཞིའི་ལོ་རྒྱུས་ཀྱིས། རྩ་དོན་འཐབ་རྩོད་ཀྱི་དམིགས་ཡུལ་འགྱུར་བ་ཐེབས་པ་དང་།  ཚིག་རྩོད་ཁྲོད་ཚོགས་མི་ཕན་ཚུན་གྱི་ངོ་བོ་དང་དམ་ཚིག་ལ་དོགས་འདྲི་བྱེད་པ་སོགས་བྱུང་དུས། འཐབ་ཇུས་ཀྱི་ལྟ་ཚུལ་མི་མཐུན་པ་རྣམས་ཕྱོགས་སུ་ཇི་ལྟར་ལྷུང་མིན་གསལ་སྟོན་བྱས་ཡོད། ཆབ་སྲིད་སེམས་ཁམས་རིག་པའི་ཞིབ་འཇུག་གྲུབ་དོན་ཁག་གིས་སྤྱི་མཐུན་གྱི་ངོ་བོའམ་འདུ་ཤེས་དེ་བསྐྱེད་སྲིང་དང་རྒྱ་བསྐྱེད་བྱེད་ཐུབ་པ་ཞིག་ཡིན་པ་མ་ཟད། ངོ་བོ་ཅུང་མི་འདྲ་བའམ། ཡང་ཆེད་དུ་དབྱེ་འབྱེད་བྱེད་པའི་སྒོ་ནས་སྤྱི་མཐུན་གྱི་ངོ་བོའམ་འདུ་ཤེས་དེར་བཅོས་སྒྱུར་དང་རྩ་མེད་ཀྱང་གཏོང་ཐུབ་པ་རེད།

བཙན་བྱོལ་བོད་མི་ཚོར་མཚོན་ན། ལྟ་ཚུལ་མི་མཐུན་པའི་རིགས་རྩ་མེད་གཏོང་ཐབས་བྱེད་རྒྱུ་དེ་མ་ཡིན་པར། ལྟ་ཚུལ་མི་མཐུན་པའི་རིགས་ཀྱིས་གོང་བུའི་ནུས་པ་རྩ་མེད་དུ་མི་འགྲོ་བ་ཞིག་ཡོང་ཐབས་ལ་འབད་དགོས། ཕན་ཚུན་མི་རིགས་ཀྱི་རྩ་དོན་གཏོར་རྒོལ་གཏོང་མཁན་ལ་ངོས་འཛིན་བྱེད་མི་དགོས་པའི་ཐོག་ནས། དབུ་མའི་ལམ་དང་རང་བཙན་གྱི་དམིགས་ཡུལ་གཉིས་ཀ་གུ་ཡངས་པོར་བགྲོ་གླེང་དང་སྦྱངས་བཤད་བྱེད་ཐུབ་དགོས། འོན་ཀྱང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་ཟུར་བསྟན་རྡོར་ (2021) ལྟར་ན། རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་གནས་བབ་མེད་པ་བཟོ་རྒྱུ། མཉམ་རུབ་ཀྱི་ལས་དོན་བྱེད་ཕྱོགས་མེད་པ་བཟོ་རྒྱུ་སོགས་ཀྱི་ཆེད་འཐབ་ཇུས་སྣ་ཚོགས་པ་བཀོལ་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གི་སྲིད་ཇུས་ཉམས་ཞིབ་པ་དང་། དྲ་བརྙན་དཔྱད་བརྗོད་པ་ཨ་རིར་གནས་སྡོད་རྒྱ་རིགས་ལཱཡེ་(Lei’s Real Talk (2024)) ཡིས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་ནག་གི་སོ་ཉུལ་བའམ། སྤྱི་ཚོགས་ནང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་མཁན་གྱི་འཇབ་དམག་ཚོའི་ལས་ཀ་བྱེད་ཕྱོགས་སྐོར་ཉམས་ཞིབ་བྱས་པ་འདི་ལྟ་སྟེ། ཁོང་ཚོས་གཞན་ལ་སྐྱོན་བརྗོད་བྱེད་དུས་ཚད་ལས་བརྒལ་བ་མ་ཟད། རང་ཕྱོགས་ལ་བསྟོད་པ་བྱེད་དུས་ཀྱང་ཚད་ལས་བརྒལ་བར་བསྟོད་པ་བྱེད་ནས་བར་གནས་ཀྱི་མི་མང་པོ་ཕྱོགས་སུ་ལྷུང་བར་བྱེད། མི་མང་ནང་ལས་ཀ་བྱེད་ཕྱོགས་གཅིག་གི་སྟེང་ལྟ་ཚུལ་མཐུན་པ་ཞིག་ཡོད་པའི་སྐབས་སུའང་། ལག་ལེན་བྱེད་དུས་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་དགོས་པའི་བསམ་འཆར་བཏོན་ནས་མཐུན་པའང་མི་མཐུན་པའི་ཕྱོགས་སུ་ཁྲིད་ཐབས་ལ་འབད་པ་སོགས་བཤད་ཡོད།

ལྟ་ཚུལ་མི་མཐུན་པ་ཡོད་དུས་ཁ་འཐོར་དུ་མི་འགྲོ་བར་རྩོད་གླེང་བྱེད་ཐུབ་པའི་འཐབ་རྩོད་ནི། བཙན་དང་དབང་ཤེད་ཁོ་ནས་གཅིག་སྡུད་ཀྱི་ལམ་དུ་འགྲོ་མཁན་ལས་གནས་ཡུན་རིང་ངེས་ཡིན། རང་ངོས་ནས་གཞན་དབང་སྟབས་བསྟུན་ཡིན་པ་དང་། ཕར་ཕྱོགས་ཀྱི་ཁ་གཏད་བཙན་སྟོབས་ཆེ་བའི་བོད་ཀྱི་གནས་བབ་འདི་དང་། ད་དུང་མི་རབས་ཁ་ཤས་རིང་རྩོད་དགོས་ཀྱང་སྲིད་པའི་འཐབ་རྩོད་འདིར་མཚོན་ན། ནང་ཁུལ་གྲོས་མོལ་གྱི་ཁོར་ཡུག་ཡོད་པ་དང་། ཕན་ཚུན་བརྩི་འཇོག་ཡོད་པ། སྤྱི་མཐུན་གྱི་དམིགས་འབེན་ཡོད་པ། གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་ཡོད་པ་བཅས་ནི་དགྲ་བོར་ཁ་གཏད་བྱེད་ཐབས་ཀུན་ལས་མཆོག་ཏུ་གྱུར་བ་དེ་ཡིན་ལ། རང་གི་ཁ་གཏད་ཀྱི་སྟོབས་ཤུགས་ལ་དོ་ཟླ་མི་ཡོང་བའི་སྐབས་སུ། རང་སྲུང་དང་རང་སྟོབས་བསྐྱེད་རྒྱུ་ལས་ཕར་རྒོལ་བྱེད་པ་ནི་སྐེ་འཁྱེར་ནས་ཞག་པ་ཉོས་པའི་དཔེ་ཡིན།

དཔྱད་གཞི།

Tajfel, H., & Turner, J. C. (1979). An integrative theory of intergroup conflict. In W. G. Austin & S. Worchel (Eds.), The social psychology of intergroup relations (pp. 33–47). Brooks/Cole Klandermans, B. (1997). The social psychology of protest. Blackwell. Hirschman, A. O. (1970). Exit, voice, and loyalty: Responses to decline in firms, organizations, and states. Harvard University Press. Drury, J., & Reicher, S. (2000). Collective action and psychological change: The emergence of new social identities. British Journal of Social Psychology, 39(4), 579–604. Kissane, B. (2005). The doctrine of self-determination and the Treaty split. In The Politics of the Irish Civil War (pp. 39–63). Oxford University Press. Ó Drisceoil, D. (2026). A sort of armed argument: Ireland’s Civil War of words. History, 111. བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་སྙིང་དོན།. བོད་མིའི་སྒྲིག་འཛུགས།. (2008, November 16). Dorjee, T. (2021, September 23). Divide, depoliticize, and demobilize: China’s strategies for controlling the Tibetan diaspora. China Brief, 21(18). Lei’s Real Talk. (2024, September 8). Who are the Chinese agents and how do they operate in the West? [Video]. YouTube.

 

The post ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག། appeared first on བོད་ཀྱི་དུས་བབ།.

Original Article