ཡོངས་ཁྱབ་གསལ་བསྒྲགས།

4 hours ago

༄༅། །ད་བར་གསར་འགྱུར་བརྒྱུད་ལམ་ཁག་དང་། འབྲེལ་ཡོད་བལ་ཡུལ་བོད་མིའི་ས་གནས་སྒྲིག་འཛུགས་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོར། བོད་བལ་ས་མཚམས་སུ་རྒྱུགས་པའི་ལ་ལྡེབ་ཕུའི་གཙང་པོར་ཆུ་རུད་ཀྱིས་རྐྱེན་པས། གཙང་པོ་འབབ་རྒྱུད་བོད་ཀྱི་སྐྱིད་གྲོང་དང་། བལ་ཡུལ་ར་སུ་ཝ་རྫོང་སོགས་ཀྱི་ཁང་ཁྱིམ་འབོར་ཆེན་བསྣུབས་ཏེ། མི་གྲངས་སྟོང་ཕྲག་གཅིག་དང་ཕྱེད་ལྷག་འདས་གྲོངས་དང་རྨས་སྐྱོན། གར་སོང་ཆ་མེད་ཀྱི་ཆག་སྒོ་ཆེན་པོ་བྱུང་འདུག

བརྒྱུད་ལམ་ཁག་ཏུ་སོ་སྲུང་བརྙན་མིག་དང་། མི་སྒེར་གྱི་བརྙན་ཐུང་འདྲ་མིན་ཐོན་པ་ནས་མཐོང་ཐུབ་པ་ཞིག་ལ། སྐྱིད་གྲོང་འགག་སྒོ་ཟེར་བའི་ས་གནས་གཅིག་པུར་ཆུ་རུད་ཀྱིས་དེད་པའི་ཁང་ཁྱིམ་དང་། མི་བརྒྱ་ཕྲག་སྐད་ཅིག་དེ་ཉིད་ལ་ཤུལ་མེད་ཆགས་ཡོད་ནའང་། རྒྱ་དམར་གཞུང་གིས་ཉིན་གཅིག་རིང་འཆི་རྨས་ཀྱི་གནས་ཚུལ་སྦས་སྐུང་བྱས་ཏེ། དེ་རིང་གནས་ཚུལ་བསྒྲགས་པ་ལྟར་ན། བོད་ནང་འདས་གྲོངས་སོང་བ་མི་གྲངས་ ༣ དང་། མི་གྲངས་ ༥༥༨ གར་སོང་ཆ་མེད་དུ་གྱུར་པ། དེའི་ཁོངས་ཕྱི་རྒྱལ་བ་ ༢༦༠ ཡོད་སྐོར་འཁོད་འདུག་པ་ཙམ་ལས། ཞིབ་ཕྲའི་གནས་སྟངས་ཇི་ཡིན་རྟོགས་ཐབས་མི་འདུག

བལ་ཡུལ་ནང་ཤར་ཝ་ར་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཁྱབ་ཁོངས། ཤབ་རུ་གཞིས་ཆགས་དང་། ཉེ་འགྲམ་ཤབ་རུ་ཁྲོམ།  སྐྱིད་གྲོང་ས་མཚམས་ཀྲི་མུ་རེ་སོགས་ཐེངས་འདིར་ཆུ་རུད་ཀྱི་གནོད་སྐྱོན་ཕོག་ཚད་ཆེ་ཤོས་ཡིན་པ་བལ་ཡུལ་གཞུང་གིས་ངོས་འཛིན་བྱས་འདུག

ཁུལ་དེར་བོད་མིའི་ཁ་འཐོར་འདུ་གནས་ལྔ་སྟེ། ༡) ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་ཀྱི་ཁྱིམ་ཚང་ ༡༡ ཆ་ཚང་ཆུས་བསྣུབས་ཏེ། དེར་གནས་སྡོད་བྱེད་མཁན་རྒན་རྒོན་གཉིས་ཀ་གར་སོང་ཆ་མེད་དང༌། ཤབ་རུ་ཁྲོམ་ཆ་ཚང་ཆུས་ཁྱེར་ཏེ་དེར་གནས་སྡོད་བྱེད་མཁན་ཁང་ཁྱིམ་ ༢ ལས་མི་ ༡ འདས་གྲོངས་དང་། ཁྱིམ་ཚང་གཞན་དེ་ནས་མི་གྲངས་ ༣ གར་སོང་ཆ་མེད། ༢) ཏི་མུ་རེ་ས་གནས་སུ་བོད་མིའི་ཁྱིམ་ཚང་ ༢ ལ་མི་གྲངས་ ༦ ཡོད་པ་གར་སོང་ཆ་མེད་གྱུར་འདུག  ༣) ཐང་པོ་ཆེ་དང་། ༤) ཁང་ཅིམ ༥) བི་རི་ཐིམ་བཅས་ས་ཁག་གསུམ་དུ་ཁྱིམ་ཚང་ ༦ ཡོད་པ་དེ་དག་ས་མཐོ་སར་ཆགས་ཡོད་པས་གནོད་སྐྱོན་བྱུང་མི་འདུག དེ་རིང་སྔ་དྲོར་བོད་མི་དྲུག་བལ་ཡུལ་གཞུང་གིས་མྱུར་སྐྱོབ་བྱེད་ཐུབ་པའི་གནས་ཚུལ་ཐོན་འདུག་པ་བརྩད་ཞིབ་བྱེད་བཞིན་པ་ཡིན།

དེ་བཞིན་དུ་བལ་ཡུལ་ནང་གོད་ཆག་ཚབས་ཆེན་ཕོག་སྟེ་ད་བར་མི་གྲངས་ ༨༢༦ ལྷག་གར་སོང་ཆ་མེད་དང་། མི་གྲངས་ ༡༦༥ ལྷག་འདས་གྲོངས་སུ་གྱུར་ཡོད་གནས་དང་།

ཐེངས་འདིར་ཆུ་རུད་ཀྱི་རྐྱེན་པས་བོད་དང་བལ་ཡུལ་ནས་ཁྱོན་བསྡོམས་མི་གྲངས་ ༡༥༠༠ ལྷག་གར་སོང་ཆ་མེད་དང་འདས་གྲོངས་སོང་བའི་ཁོངས་ཕྱི་རྒྱལ་བ་མི་གྲངས་ ༨༠༠ ལྷག་ལ་ཆག་སྒོ་བྱུང་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་ལྔ་ལྷག་གོང་ནས་ཕྱི་སྣོད་ཀྱི་འཇིག་རྟེན་སྤྱི་དང་། ཡང་སྒོས་སུ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཅེས་སྲུང་དགོས་པའི་བཀའ་སློབ་ལམ་སྟོན་སྔ་རྗེས་བསྩལ་ཡོད་ལ། བོད་མིའི་སྒྲིག་འཛུགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་ཁོར་ཡུག་ཐོག་དོ་སྣང་ཡོང་ཐབས་ཀྱི་འབད་བརྩོན་རིམ་པར་བྱས་ཡོད་ནའང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཉུང་ཤས་ལས། གནད་ཡོད་རྒྱལ་ཁབ་ཁག་གིས་དགོས་ངེས་ཀྱི་རྣམ་འགྱུར་སྟོན་མཁན་ཡང་དཀོན་པོ་ཡིན།

བོད་ས་མཐོའི་སྟེང་། རྒྱ་དམར་གཞུང་གིས་འཛུགས་སྐྲུན་ལ་བསྙད་པའི་ཁོར་ཡུག་གཏོར་བཤིག་གི་བྱ་བྱེད་སྣ་ཚོགས་དབང་གིས་ཚ་དྲོད་འཕར་ཚད་ལྡབ་འགྱུར་ཆགས་པའི་དངོས་ཡོད་གནས་ཚུལ་དེའི་ཐོག དེང་སང་ཧི་མ་ལ་ཡའི་རི་རྒྱུད་དུ་ལྗང་མདོག་གི་ནུས་ཁུངས་ལ་བསྙད་པའི་ཆུ་མཛོད་དང་། ཉི་གློག་གི་ལས་གཞི་དང་། ལྕགས་ལམ་སྣོལ་འབྲེལ་གྱི་ལས་གཞི་ཁག་མངོན་སུམ་འཛེམས་མེད་དུ་སྤེལ་བའི་ཉེར་ལེན་གྱིས། གནོད་འཚེ་འདི་རིགས་འགྲོ་བ་མི་སྤྱི་ཡོངས་ཀྱི་མྱོང་ཐོག་ཏུ་སྔ་རྗེས་རིམ་པར་འབེབས་ཀྱི་ཡོད་པ་དང་། ད་དུང་འདི་ལས་ཉེན་ཚབས་ཆེ་བ་ཡོང་སྲིད་པའི་གནས་སྟངས་ལ་ཁུ་སིམ་མེར་སྡོད་པའི་དུས་ཤིག་གཏན་ནས་མིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་ནས་བོད་བལ་ནང་ཆུ་རུད་ཀྱི་གནོད་སྐྱོན་ཕོག་མཁན་རྣམས་ལ་ཐུགས་སྨོན་དང་། མ་འོངས་པར་ཆག་སྒོ་དེ་རིགས་བསྐྱར་ཟློས་མ་ཡོང་བའི་སླད། ས་ཁུལ་དེའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་དོ་སྣང་དགོས་པའི་དྲན་སྐུལ་གནང་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐེངས་འདིར་ཆུ་རུད་ཀྱི་གོད་ཆག་ནང་ལྷུང་བའི་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་མཚོན་ཆེད། དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཚུགས་ཏེ། རྨས་སྐྱོན་ཕོག་མཁན་རྣམས་གང་མྱུར་དྲག་བསྐྱེད་དང་། འདས་གྲོངས་སུ་ཕྱིན་པ་རྣམས་རྟེན་བཟང་རིམ་བརྒྱུད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྐྱབས་སྨོན་དང་། དེ་བཞིན་དེ་དག་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་གཉེན་ཉེ་ཞཚབྲལ་བའི་སྡུག་བསྔལ་ལས་མྱུར་དུ་གྲོལ་བའི་སྨོན་ལམ་འདེབས་བཞིན་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་གནས་འབྲེལ་ཡོད་ལ་ཛ་དྲག་གུད་སྐྱོབ་ཀྱི་ལས་དོན་འཕྲལ་མྱུར་བྱེད་དགོས་པའི་བཀོད་མངགས་ཟིན་ཡོད།

དེ་བཞིན་དུ། ཤ་ཝ་ར་གསུམ་བོད་མིའི་གཞིས་ཆགས་ཁོངས་བོད་མི་གནས་ཡུལ་ཁག་ཅིག་ཏུ་གནོད་འཚེ་ཕོག་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་གུད་སྐྱོབ་ལ་ཕན་གྲོགས་དང་། བལ་ཡུལ་གཞུང་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ། བཙན་བྱོལ་བོད་མི་ཚོས་སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོ་ཡིས་བརྒྱུད་བློས་བཅད་ཞལ་འདེབས་འབུལ་ཐུབ་པའི་རེ་སྐུལ་ཞུ་བཞིན་ཡོད་པ་བཅས་བཀའ་ཤག་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༧ ལ།།

Original Article