འབྲས་ལྗོངས་ཆོས་དོན་ལས་ཁུངས་ཀྱིས་སླར་ཡང་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་སྐྱབས་འཇུག་ཞུས་པ་ལྟར་ཞལ་བཞེས་གནང་།
རྒྱ་གར་གྱི་དེ་རིང་( India Today ) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་འབྲས་ལྗོངས་ཀྱི་ཆོས་དོན་བློན་ཆེན་བསོད་ནམས་བླ་མ་ལགས་སོགས་ཆེད་དུ་འབྲུག་ཡུལ་དུ་ཕེབས་ནས། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ ༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་ནས་མི་ལོ་ ༤༥ འཁོར་བའི་དགོངས་རྫོགས་ཀྱི་དུས་ཆེན་དང་བསྟུན། འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་སྐྱབས་འཇུག་ཞུས་དོན་བཞིན། ༧རྒྱལ་དབང་ཀརྨ་པ་མཆོག་གིས་ངོས་ལེན་གནང་ནས་གང་མགྱོགས་ཆིབས་བསྒྱུར་བསྐྱང་རྒྱུར་ཞལ་བཞེས་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནང་པའི་མཆོད་རྟེན་བརྒྱ་དང་གཅིག་བཞེངས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ནང་པའི་བླ་ཆེན་སོགས་ཀྱི་འདུ་འཛོམས་ཐོག ༧རྒྱལ་དབང་ཀརྨ་པ་མཆོག་མཆོག་གིས་བོད་ཀྱི་ཆོས་རྒྱུད་ཆེན་པོ་ལྔ། དེ་བཞིན་བོད་ཀྱི་བསྟན་བདག་བླ་ཆེན་རྣམས་དང་མཇལ་འཕྲད་གནང་ཡོད་ཅིང་། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཡུན་རིང་གི་རྗེས་སུ་འབྲུག་ཡུལ་དུ་ཕེབས་སྟབས། ཡུལ་དངོས་ནས་དད་ལྡན་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ཆིབས་བསུ་ཞུས་པའི་ཁར། བོད་མི་མང་པོ་ཞིག་གིས་རིན་པོ་ཆེ་མཆོག་འབྲུག་ཡུལ་དུ་ཕེབས་པར་འཚམས་འདྲིའི་སྐུ་པར་མང་དག་ཅིག་དྲ་ལམ་དུ་སྤེལ་སོང་།
དེ་བཞིན་ཕྱི་ཟླ་ ༡༠ ནང་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པེ་རེམ་སིངྒ་རྟ་དམག་མཆོག་གིས་བྷན་ཀོག་ནས་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་མཇལ་འཕྲད་ཞུས་ཏེ། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་སུ་ཆིབས་བསྒྱུར་བསྐྱང་བའི་སྐྱབས་འཇུག་ཞུས་པ་ལྟར། རིན་པོ་མཆོག་གིས་ཀྱང་འབྲས་ལྗོངས་སུ་ཕེབས་འདུན་ཡོད་པའི་བཀའ་བཞེས་སྩལ་ཡོད།
དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་ནས་ཕྱི་རྒྱལ་ལ་ཞབས་ཀྱིས་བཅགས་རྗེས། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༨ ཉིན་སུད་སིའི་ཛུ་རིག་གྲོང་ཁྱེར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད། ༧རྒྱལ་དབང་ཀརྨ་པ་མཆོག་ནི་བོད་ཆབ་མདོ་ལྷ་ཐོག་གི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༩ ལོར་དགུང་ལོ་ ༡༤ བཞེས་སྐབས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲ་ཚང་དུ་ཡུན་རིང་བཞུགས་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་ཡུ་རོབ་དང་ཨ་རིའི་ནང་ཕེབས་རྗེས་ཕྱིར་ཆིབས་བསྒྱུར་བསྐྱངས་ཐུབ་མེད་ལ། ད་བར་རྒྱ་གར་འབྲས་ལྗོངས་ས་གནས་སྲིད་གཞུང་དང་གཞུང་སྒེར་མང་དག་ཅིག་གིས་རིན་པོ་ཆེ་མཆོག་རྒྱ་གར་ནང་ཆིབས་བསྒྱུར་གནང་རྒྱུར་ངང་སྒུག་བྱེད་མུས་ཡིན་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post རྒྱལ་བ་ཀརྨ་པ་མཆོག་གིས་སླར་ཡང་འབྲས་ལྗོངས་སུ་ཕེབས་རྒྱུའི་ཞལ་བཞེས་གནང་། appeared first on བོད་ཀྱི་དུས་བབ།.

