རྒྱལ་ཚོགས་སུ་སྐུ་ཚབ་མཇལ་འཕྲད་ཀྱིས་བོད་མི་ས་ཡ་དྲུག་གི་དཀའ་ངལ་ཞུས།

3 hours ago

[དྷ་རམ་སར།] ཕྱི་ལོ་༢༠༢༦ཟླ་༨ཚེས་༡༢ཉིན།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་ཟུར་པ་ཚེ་དབང་རིག་འཛིན་ལགས་ཀྱི་སྣེ་ཁྲིད་འོགརྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ནང་མི་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་བར་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་མཇལ་འཕྲད་གནང་འདུགཉིན་དེར་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོགནེའུ་ཡོག་ཏུ་བོད་རང་དབང་རང་བཙན་སླར་གསོའི་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་།ལས་འགུལ་ནང་རྒྱ་གར་ནས་ཕེབས་པའི་སྤྱི་འཐུས་ཀུན་དགའ་བསོད་སྟོབས་དང་།ཆུ་སྒང་གི་དབུས་རྒྱུན་སྤྱི་ཟུར་སྨོན་ལམ་མཐར་ཕྱིན།གཞན་ཡང་།བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་ཟུར་ཚེ་དབང་རིག་འཛིན་གཙོས་བྱང་ཨ་རིའི་ཁུལ་གྱི་བོད་མི་བརྒྱ་ཕྲག་མང་པོ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག ལས་འགུལ་གྱི་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་བྱུང་བའི་སྐོར།སྤྱི་ཟུར་ཚེ་དབང་རིག་འཛིན་མཆོག་གིས།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཐོག་བརྩེགས་༣༡པའི་ཐོགརྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་སྐུ་མཆེད་གཉིས་དང་ཁོང་ཉིད་བཅས་ཀྱིས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གནད་ཡོད་མི་སྣ་དང་དུས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་ཐུག་འཕྲད་བྱས་ཡོད་པ་དང་།སྐབས་དེར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་རྒྱལ་ཁབ་དང་བོད་མི་རིགས།བོད་རང་བཙན་གྱི་ཆེད་དུ།རང་གི་རྩ་ཆེན་གྱི་སྐུ་སྲོག་བློས་གཏོང་གནང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ།འབོད་སྒྲ་བསྒྲགས་པ་དེ།ཡིག་ངག་གཉིས་ཀྱི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་བསྐྱེལ་ཡོད་ཅེས་གསུངས་སོང་། དེ་བཞིན་ཁོང་གིས།མཇལ་འཕྲད་བྱུང་བ་དེ་ནི་ཁོང་གསུམ་གྱིས་བྱས་རྗེས་བཞག་པ་ཞིག་གང་ཡང་མིན་པ།གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་དང་།ཡང་སྒོས་སུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གཙོས་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་རླབས་ཆེན་གྱི་སྐུ་སྲོག་བློས་བཏང་བར་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་ཡི་ཅེས་དང་།རྒྱལ་ཚོགས་ཀྱི་ངོས་ནས་ཀྱང་།ད་ལྟའི་བར་བོད་དོན་ཐད་ཐབས་ཤེས་བྱས་པ་ཡིན།ད་ལྟའང་བོད་ནང་གི་ཛ་དྲག་གི་གནས་སྟངས།ལྷག་པར་དུ་སྐུ་ལུས་མེར་སྲེག་གི་རྗེས་སུ་གནས་སྟངས་ཅི་ཆགས་ཀྱི་སྐོར་ལ་ཞིབ་ཕྲ་རྟོག་ཞིབ་བྱེད་བཞིན་པ་ཡིན་ཞེས་བཀའ་གནང་ཡོད་པ་དང་།རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཐོག་བརྩེགས་༣༡ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ལས་ཁུངས་ཡོད་པ་དང་།དེའི་ནང་ཕྱིན་ནས་བོད་མི་ས་ཡ་དྲུག་གི་དཀའ་ངལ་དང་བདེ་སྡུག་དེ་ཡིག་ངག་གཉིས་ཀྱི་ཐོག་ཞུས་ཡོད་ཅེས་གསུངས་སོང་། དེ་བཞིན་ཁོང་གིས།བོད་པ་ཞིག་ཡིན་པའི་ཆ་ནས།བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་འཐབ་རྩོད་ནང་མཉམ་ཞུགས་གནང་པ་དེ།ང་ཚོའི་གཟི་བརྗིད་དང་འགན་འཁྲི་ཡིན་པས་ངེས་པར་དུ་འགན་འཁུར་དགོས་པ་དང་།དེ་བཞིན་རྒྱལ་ཚོགས་དང་སྲིད་གཞུང་ཁགལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཙོས་པའི་འགོ་ཁྲིད་རྣམས་ལ།བོད་ཀྱི་རང་བཙན་སླར་གསོ་མ་ཐུབ་བར།ང་ཚོའི་ངོས་ནས་ནམ་ཡང་མགོ་སྒུར་གྱི་མིན་ཞེས་བརྡ་ལན་གསལ་བོ་ད་བར་བཏང་ཡོད་པ་དང་།ད་དུང་ཡང་སྔ་ལས་ལྷག་ཤུགས་བརྒྱབ་ནས་བརྡ་ལན་གཏོང་དགོས་ཀྱི་ཡོད་པ་ནན་བཤད་གནང་སོང་། མཐར་ཚེ་དབང་རིག་འཛིན་ལགས་ཀྱིས།རང་བཙན་ཞེས་བརྗོད་པའི་སྐབས།རང་བཙན་དེ་གནམ་ནས་ཟགས་རྒྱུ་མེད་ལ་ས་ནས་སྐྱེ་རྒྱུའང་མེད།རང་བཙན་ལ་བློས་གཏོང་དང་།འགྲོ་སོང་གཏོང་དགོས་ཀྱི་ཡོད་པ་དང་།རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ང་ཚོའི་མིག་གི་མདུན་དུ།བློས་གཏོང་ཆེན་པོ་གནང་བ་དེ་དང་།་བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་དེ་དག་ནམ་ཡང་བརྗོད་རྒྱུ་ཡོད་མ་རེད་ཅེས་གསུངས་སོང་། གསར་འགོད་པ། བློ་བཟང་རྒྱ་མཚོ།

The post རྒྱལ་ཚོགས་སུ་སྐུ་ཚབ་མཇལ་འཕྲད་ཀྱིས་བོད་མི་ས་ཡ་དྲུག་གི་དཀའ་ངལ་ཞུས། appeared first on བོད་ཀྱི་བང་ཆེན།.

Original Article