རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

4 hours ago

རྒྱ་ནག་གིས་རྒྱལ་ནང་དུ་ས་ཁང་ཚོང་ལས་ཉམས་བཞིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་དལ་དུ་འགྲོ་མུས་ཡིན་པའི་གནས་བབ་འོག རྒྱལ་ཁབ་ཀྱི་ཡོང་འབབ་ཁ་གསབ་ཆེད་ཕྱི་སྡོད་ཕྱུག་བདག་ཚོའི་ལག་ནས་དངུལ་ཁྲལ་འབོར་ཆེན་ལེན་གྱི་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གི་ཕྱི་སྡོད་ཕྱུག་བདག་ཚོས་དུས་བཀག་ནང་ཁྲལ་འཇལ་བར་བྲེལ་བ་བྱེད་བཞིན་ཡོད། རྒྱ་གཞུང་གིས་ཟླ་གསུམ་གྱི་དུས་བཀག་བཟོས་ཡོད་པ་དང། དུས་བཀག་མཐའ་མའི་ཉིན་མོ་དེ་ཕྱི་ཟླ་ ༡༠ ཚེས་ ༢༢ འཁེལ་ཡོད། དེ་ཡང་རྒྱ་ནག་གཞུང་གིས་ལོ་མང་རིང་ཕྱི་སྡོད་ཕྱུག་བདག་ཚོར་ཁྲལ་འགེལ་བའི་ལས་དོན་ལ་ཤུགས་སྣོན་བྱེད་ཀྱིན་ཡོད། དེའི་དམིགས་ཡུལ་ནི་རྒྱལ་ནང་གི་ས་ཁང་ཚོང་ལས་ཉམས་བཞིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་དལ་དུ་འགྲོ་བཞིན་པའི་སྟོང་ཆ་ཁ་གསབ་ཡོང་ཆེད་རེད། 

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༤ ཉིན་རྒྱ་ནག་གི་དཔལ་འབྱོར་ལྷན་ཁང་དང་དཔྱ་ཁྲལ་དོ་དམ་ལྷན་ཁང་གིས་མཉམ་འབྲེལ་ཐོག་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་གི་མི་སེར་གང་རུང་གིས་ཕྱི་རྒྱལ་དུ་རྟེན་གཞི་བྱས་པའི་ཚོང་ལས་ནང་དངུལ་སྒོར་གཏོང་ལེན་བྱས་ཚེ། མི་སྒེར་བའི་ཡོང་འབབ་ཀྱི་བརྒྱ་ཆ་ ༢༠ དཔྱ་ཁྲལ་དུ་འཇལ་དགོས་པའི་སྒྲིག་གཞི་བཟོས་ཡོད་པ་དང་། སྒྲིག་གཞི་འདིའི་ཁྱབ་ཁོངས་ནང་ཕྱི་ཡུལ་དུ་ཚོང་ལས་གསར་འཛུགས་དང་། དོ་དམ། དེ་བཞིན་མཚམས་འཇོག་བྱེད་པ་སོགས་ཀྱི་རིམ་པ་ཚང་མ་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་སྙན་སེང་ཞུས་པའི་ཐོག་ནས་དགོས་ངེས་དཔྱ་ཁྲལ་འཇལ་དགོས་ཀྱི་ཡོད་འདུག 

སྒྲིག་གཞི་འདི་གསལ་བསྒྲགས་བྱས་པའི་ཉིན་མོ་ནས་འཕྲལ་དུ་ལག་བསྟར་བྱས་ཏེ། འབྲེལ་ཡོད་ཕྱུག་བདག་ཚོས་ཕྱི་ལོ་ ༢༠༢༣ ལོའི་མགོ་སྟོད་ནས་བཟུང་ཕྱི་ཡུལ་གྱི་ཚོང་ལས་ནང་གཏོང་ལེན་བྱས་པའི་རྒྱུ་ནོར་ལ་ཁྲལ་འཇལ་དགོས་ཡོད་པ་དང་། དེའི་དུས་བཀག་ནི་ཕྱི་ཟླ་ ༧ ཚེས་ ༢༤ ནས་ཕྱི་ཟླ་ ༡༠ ཚེས་ ༢༢ བར་གྱི་ཉིན་གྲངས་ ༩༠ ཡིན་འདུག་ལ། དེའི་དམིགས་འབེན་གཙོ་བོ་ནི་རེ་ཌི་ཆིབ་(red-chip)ཞེས་འབོད་པའི་རྒྱ་ནག་གི་བཟོ་ཚོང་ཁང་ཁག་སྟེ། རྟེན་གཞི་བྱེད་ཡུལ་ཕྱི་རྒྱལ་དང་། ཧོང་ཀོང་གི་མ་རྐང་ཁྲོམ་རའི་ནང་དུ་ཐོ་འགོད་བྱས་ཡོད་པའི་རྒྱ་ནག་སྐམ་སའི་བཟོ་ཚོང་ཁང་དག་ཡིན། དངུལ་ཁང་ཁག་གིས་སྒྲིག་གཞི་འདིར་བརྩི་མེད་བྱེད་མཁན་གྱི་ཕྱུག་བདག་ཚོའི་དངུལ་དེབ་ལ་ཚོད་འཛིན་བྱས་ནས། ཁྲལ་འབབ་ཀྱི་གནད་དོན་གཙང་སེལ་མ་ཆགས་བར་དུ་དངུལ་ཁང་བརྒྱུད་ནས་དངུལ་སྒོར་གཏོང་ལེན་བྱེད་རྒྱུར་བཀག་སྡོམ་བྱེད་ཀྱིན་ཡོད་འདུག

ཐེངས་འདིའི་རྒྱལ་ཡོངས་ཀྱི་སྒྲིག་གཞི་གསར་པ་འདི་ནི། ས་གནས་སྲིད་གཞུང་ཁག་གིས་དེ་སྔ་ནས་ལག་བསྟར་བྱེད་མགོ་བཙུགས་པའི་སྒྲིག་གཞི་ཞིག་དབུས་གཞུང་གི་སྒྲིག་གཞིར་བསྒྱུར་བ་དེ་རེད།  དཔེར་ན། ཧྲང་ཧེ་དང་། ཧྲིན་ཀྲིན། ཅང་སུའུ་བཅས་ཀྱི་ཁྲལ་བསྡུ་ལས་ཁུངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་ལ་ཞིབ་བཤེར་བྱེད་མགོ་བཙུགས་པ་དང་། བཟོ་ཚོང་ཁང་ཁག་ཅིག་ནས་བརྒྱ་ཆ་ཉི་ཤུ་ཡི་དཔྱ་ཁྲལ་བསྡུས་ཡོད།  ཕྱི་ལོ་  ༢༠༢༦ ལོར་རྒྱལ་ནང་གི་ཚོང་འབོར་ཧ་ལམ་འཕར་མེད་ཀྱང་། མི་སྒེར་བའི་ཡོང་འབབ་ཀྱི་དཔྱ་ཁྲལ་བརྒྱ་ཆ་ ༡༣།༡ འཕར་ཡོད་ལ། ༢༠༢༥ ལོར་མ་དངུལ་ཕྱིར་གཏོང་གི་གྲངས་འབོར་ཨ་སྒོར་ཐེར་འབུམ་༨༠༧ ཟིན་ནས་ཟིན་ཐོ་གསར་པ་ཞིག་ཏུ་གྱུར་ཡོད། དཔལ་འབྱོར་ཆེད་མཁས་པ་ཚོས། སྒྲིག་གཞི་འདིའི་ལག་བསྟར་བརྒྱུད་རིམ་ཁྲོད། རྒྱ་ནག་དང་ཕྱི་རྒྱལ་གྱི་དཔྱ་ཁྲལ་སྒྲིག་གཞི་གཉིས་ཀྱི་བར་གསེང་ནས་དཔྱ་ཁྲལ་འཇལ་མཁན་ཚོས་དཔྱ་ཁྲལ་ལྡབ་འཇལ་བྱ་དགོས་ཐུག་སྲིད་པའི་ཉེན་བརྡ་བཏང་ཡོད། གནས་སྟངས་འདིའི་འོག་ཧོང་ཀོང་ལ་ཉེན་ཁ་ཆེ་ཤོས་འཕྲད་སྲིད་དེ།  ཉེ་བའི་ཆར་ཧོང་ཀོང་ནང་གསོག་འཇོག་བྱས་པའི་ཕྱི་རྒྱལ་གྱི་རྒྱུ་ནོར་མང་ཤོས་ཆགས་ཏེ། སུད་སི་རྒྱལ་ཁབ་ནང་གསོག་འཇོག་བྱས་པའི་ཕྱི་དངུལ་གྱི་གྲངས་ཀ་ལས་བརྒལ་ཡོད། 

སྒྲིག་གཞི་ལག་བསྟར་གྱི་ནུས་པའི་ཐད་རྒྱ་ནག་གི་དཔྱ་ཁྲལ་མཁས་པ་ཚོས། ད་ཆ་རྒྱ་ནག་ནང་དགོས་ངེས་ཀྱི་ཆ་རྐྱེན་མཐའ་དག་ཚང་ཡོད་པ་དང་། རྒྱལ་སྤྱིའི་དཔྱ་ཁྲལ་མཉམ་ལས་དང་གནས་ཚུལ་མཉམ་སྤྱོད་ཇེ་ལེགས་སུ་ཕྱིན་པས། དེ་སྔ་དཔྱ་ཁྲལ་བསྡུ་ལེན་ལ་འགོག་རྐྱེན་བཟོ་མཁན་གྱི་གནས་ཚུལ་ཉུང་དུ་ཕྱིན་ཏེ། སྒྲིག་གཞི་ཚད་ལྡན་དུ་གྱུར་ཡོད། ཅེས་བརྗོད་འདུག ཡང་ཁག་ཅིག་གིས། སྒྲིག་གཞི་ལག་བསྟར་བྱེད་སྟངས་ཀྱིས་རྒྱ་ནག་གི་ཁྲལ་བསྡུའི་ལམ་ལུགས་ལ་གནོད་པ་གཏོང་གི་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་འདུག 

ཕྱི་ལོ་ ༡༩༥༠ ང་གྲངས་ནང་རྒྱ་ནག་གིས་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ལམ་ལུགས་གཅིག་གྱུར་བཟོས་ཡོད་པ་དང། དེའི་ཞན་ཆའི་དབང་གིས་ཡོང་འབབ་མང་ཆེ་བ་ཞིང་ཆེན་གྱི་གཞུང་ལ་ཐོབ་པ་ལས། དབུས་ཀྱི་ཡོང་འབབ་ཉུང་ཉུང་དུ་གྱུར་ཡོད།  ཕྱི་ལོ་ ༡༩༩༤ ལོར་བསྒྱུར་བཅོས་གལ་ཆེན་ཞིག་བཏང་སྟེ། དབུས་དང་ས་གནས་ཀྱི་ཁྲལ་གྱི་དབྱེ་བ་གཏན་འབེབས་བྱས་པ་དང་།དབུས་ནས་ས་གནས་ལ་ཁྲལ་འབབ་བགོ་འགྲེམས་བྱེད་པའི་ལམ་ལུགས་བཟོས་ཡོད། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གིས་ཚོང་ཁྲལ་དེ་རིན་ཐང་ཁ་སྣོན་གྱི་ཁྲལ་འབབ་ (Value Added Tax)ལ་བརྗེ་བསྒྱུར་བྱས་ཡོད། དེ་ནི་ཁྲལ་གཉིས་ལྡབ་འཇལ་མི་དགོས་པ་དང། ཚོང་ལས་ཁང་གི་ཁྲལ་གྱི་ཁུར་བོ་ཡང་དུ་གཏོང་ཆེད་ཡིན། 

གསར་འགོད་པ། ཆོས་རྒྱལ་སྐྱབས། 

The post རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག appeared first on བོད་ཀྱི་དུས་བབ།.

Original Article