རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

3 hours ago

འདི་ལོའི་ལོ་མཇུག་བར་རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་བེ་ཤིས་རྫོང་གི་ཡེ་ཀྲི་གྲོང་རྡལ་དུ་གནས་སྤོས་ཚར་བ་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་ཆེན་རྫོང་དེ་ད་ལྟའི་ཆགས་ཡུལ་ལས་ས་གནས་གཞན་ལ་གནས་སྤོ་བྱེད་བཞིན་འདུག གནས་སྤོ་འཆར་གཞིའི་རིམ་པ་དང་པོའི་ཁྲོད། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༣ ནས་མགོ་བཙུགས་ཏེ། དེ་རིང་ཕྱི་ཚེས་ ༢༨ བར་བདེ་ཆེན་རྫོང་གི་དུད་ཁྱིམ་ ༤༡༤ བེ་ཤིས་རྫོང་གི་ཡེ་ཀྲི་གྲོང་རྡལ་དུ་གནས་སྤོ་བྱས་ཟིན་འདུག་ལ། བདེ་ཆེན་རྫོང་དང་ཡེ་ཀྲི་གྲོང་རྡལ་བར་སྤྱི་ལེ་ ༤།༥ ལས་མེད་ཅིང་། ས་གནས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས། བདེ་ཆེན་རྫོང་གི་དུད་ཁྱིམ་ ༧༠༠ ལྷག་མི་འགྱང་བར་གནས་སྤོ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རིམ་པ་གཉིས་པའི་གནས་སྤོ་འཆར་གཞིའི་ནང་། བདེ་ཆེན་རྫོང་གི་དུད་ཁྱིམ་ ༧༡༨ དང་། ས་གནས་དམར་ཤོག་ཚོགས་པའི་གཞུང་འབྲེལ་ལས་ཁུངས་ཁག དེ་བཞིན་སྨན་ཁང་དང་སློབ་གྲྭ་སོགས་གནས་སྤོ་བྱེད་གཏན་འཁེལ་ཡོད་འདུག་ལ། འདི་ལོའི་ལོ་མཇུག་བར་གནས་སྤོའི་ལས་གཞི་ཡོངས་ཚར་བ་བྱ་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གིས། བདེ་ཆེན་རྫོང་ནི་རྒྱ་ནག་ནང་གི་རང་བྱུང་གོད་ཆག་གི་ཉེན་ཁ་ཆེ་བའི་ས་ཁུལ་  ༡༦༥ བ་ཡིན་པས། བདེ་ཆེན་རྫོང་ལ་ས་ཉིལ་དང་རིལ་ཉིལ། ཆུ་ལོག་སོགས་རང་བྱུང་གོད་ཆག་གི་གནོད་འཚེ་རྒྱུན་ཆད་མེད་པར་འབྱུང་ཉེན་ཡོད་ཟེར། ད་དུང་བདེ་ཆེན་རྫོང་ཐོག་ཏུ་མི་གྲངས་མང་པོ་མཉམ་གཅིག་ཏུ་འདུས་ཡོད་པས། རང་བྱུང་གོད་ཆག་གི་དཀའ་ངལ་འཕྲད་ཚེ། ཉེན་གཡོལ་བྱེད་ས་མེད་པའི་དཀའ་ངལ་ཡོད་སྐོར་ཡང་བརྗོད་འདུག

ཡང་བདེ་ཆེན་རྫོང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་གི་གཡས་གཡོན་དུ་གཏེར་ཁ་མང་པོ་སྔོག་འདོན་བྱས་པའི་རྐྱེན་གྱིས་ས་གཤིས་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། ཁུལ་དེར་ཆུ་མཛོད་བརྒྱབ་སྟེ་གློག་ཁང་གི་ལས་གཞི་ཁག་ཅིག་ཀྱང་སྤེལ་བཞིན་ཡོད་པ་རེད། ཕྱི་མི་གནས་སྤོར་བ་ཇེ་མང་དུ་ཕྱིན་ནས་མི་འབོར་ཆེན་ཡོད་འདུག་བྱེད་མཁན་མང་པོ་ཡོད་འདུག

བདེ་ཆེན་རྫོང་དེ་གནས་སྤོ་བྱེད་པའི་འཆར་གཞི་དེ་ཕྱི་ལོ་ ༢༠༢༠ ལོར་ཐོག་མར་གྲོས་མགོ་བཏོན་པ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༩ ནང་ཡེ་ཀྲི་གྲོང་རྡལ་དང་འབའ་སྡེ་ཤང་གཉིས་བདེ་ཆེན་རྫོང་ཁོངས་སུ་གཞུང་འབྲེལ་གྱིས་བཅུག་འདུག

ཕྱི་ལོ་ ༢༠༢༤ ལོ་མཇུག་ནས་ ༢༠༢༥ ལོ་མགོའི་བར་རྒྱ་ནག་གིས་བདེ་ཆེན་རྫོང་གི་མི་འབོར་ཞིབ་བཤེར་བྱས་པའི་གྲངས་ཐོ་ལྟར་ན། བདེ་ཆེན་རྫོང་ཁོངས་སུ་མི་གྲངས་ཁྱོན་ ༧༤༨༠༠ ཡོད་ཅིང་། དེ་ལས་མི་གྲངས་ ༡༤༠༠༠ རྫོང་ཐོག་དང་གྲོང་གསེབ་ཁག་ཏུ་མི་གྲངས་ ༦༠༨༠༠ །  བདེ་ཆེན་རྫོང་གི་མི་གྲངས་བརྒྱ་ཆ་ ༩༨ གྲངས་ཉུང་མི་རིགས་ཡིན་ཞིང་། དེའི་ཁྲོད་དུ་བོད་དང་འཇང་རིགས། ལི་སུའུ། རྒྱ་རིགས་སོགས་གྲངས་ཉུང་མི་རིགས་ཁྱོན་ ༢༥ གནས་ཡོད་པར་བཤད་ལ། བདེ་ཆེན་རྫོང་ཁོངས་སུ་གྲོང་རྡལ་གསུམ་དང་ཤང་བདུན་ཡོད་འདུག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བདེ་ཆེན་རྫོང་ནི་རོང་བཙན་ཁ་བ་དཀར་པོ་སྟེ། བོད་མི་རྣམས་ཀྱིས་དགྲ་ལྷ་བཅུ་གཉིས་ཞེས་བཀུར་བ་བྱེད་སའི་གནས་རིའི་འདབས་རོལ་དང་། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཆེན་པོ་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུ། འབྲི་ཆུ་བཅས་གཙང་པོ་གསུམ་མཉམ་འདྲེས་ཀྱི་ལྟེ་བའི་ས་ཁོངས་སུ་གནས་ཡོད། བདེ་ཆེན་རྫོང་ནི་གནའ་བོའི་ཇ་རྟའི་ཚོང་ལམ་གྱི་གཞུང་ལམ་གལ་ཆེན་ཞིག་ཀྱང་ཡིན་འདུག

འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དུ་ཁ་བ་དཀར་པོ་ཀུན་ཕན་ལག་རྩལ་སློབ་གྲྭ་ཞེས་པ་སྒོ་བརྒྱབ་པའི་གནས་ཚུལ་ཕྱིར་ཐོན་ཡོད་ལ། དེང་སྐབས་བདེ་ཆེན་རྫོང་དུ་བོད་ཡིག་སློབ་གྲྭ་གཅིག་ཀྱང་མེད་པས་བོད་ཡིག་ཤེས་མཁན་ཉུང་ཉུང་མ་གཏོགས་མེད་པ་རེད།

གསར་འགོད་པ། རྟ་མགྲིན་མཚོ། སྐལ་བཟང་སྦྱིན་པ།

The post རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག appeared first on བོད་ཀྱི་དུས་བབ།.

Original Article