རྒྱ་ནག་གིས་ཡུལ་དེའི་ཁྲིམས་རྩོད་པ་ཚོས་དམར་ཤོག་ཚོགས་པར་ཤ་ཞེན་དགོས་པའི་ཁྲིམས་གསར་གཏན་འབེབས་བྱས་འདུག

1 day ago

རྒྱ་ནག་གིས་ཉེ་ལམ་ཡུལ་དེའི་ནང་གི་ཁྲིམས་རྩོད་པ་ཚོར་ཁྲིམས་རྩོད་ལས་དོན་བྱེད་དགོས་ཚེ་ངེས་པར་དུ་གཞུང་འཛིན་དམར་ཤོག་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་ཐོག་ཤ་ཞེན་གྱི་ཆ་རྐྱེན་དགོས་པའི་ཁྲིམས་གསར་ཞིག་གཏན་འབེབས་བྱས་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  རྒྱ་ནག་གི་ཁྲིམས་རྩོད་པ་ཚོའི་ཐོག་དམ་དྲག་ཇེ་ཆེར་གཏོང་ཆེད་ཀྱི་ཁྲིམས་གསར་དེ་བཞིན་ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་དང་།  དེ་སྔ་ཡིན་ན།  རྒྱ་ནག་ནང་གི་ཁྲིམས་རྩོད་པ་ཚོས་ཡུལ་དེའི་ཁྲིམས་ལུགས་རིག་པ་བའི་ཡིག་རྒྱུགས་མཐར་སོན་དང་ལོ་གཅིག་རིང་ལས་ཀའི་སྦྱོང་བརྡར།  དེ་བཞིན་ཀུན་སྤྱོད་ཡ་རབས་དང་རྒྱ་ནག་གི་རྩ་ཁྲིམས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་དེ་ལྟར་ཡང་།  ཐེངས་འདིའི་བསྐྱར་བཅོས་ཁྲིམས་ཡིག་དེའི་འོག་ཁྲིམས་རྩོད་པ་ཚོས་ད་དུང་དམར་ཤོག་ཚོགས་པའི་ གཞུང་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ཀྱི་དབང་བསྒྱུར་ལའང་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་རེད་འདུག  མ་ཟད།  ཁྲིམས་གསར་དེའི་འོག་ཁྲིམས་རྩོད་ཁང་གང་ཞིག་གི་ནང་གུང་ཁྲན་ཏང་གི་ཚོགས་མི་གསུམ་མམ་དེ་ལས་མང་བ་ཡོད་ཚེ་ཁྲིམས་རྩོད་ཁང་དེའི་ནང་དམར་ཤོག་ཚོགས་པའི་སྒྲིག་འཛུགས་ཤིག་ངེས་པར་དུ་གསར་འཛུགས་བྱེད་དགོས་པ་དང་།  གལ་ཏེ་གུང་ཁྲན་ཏང་གི་ཚོགས་མི་གསུམ་ལས་ཉུང་བ་ཡོད་ཚེ་ཁྲིམས་རྩོད་ཁང་དེའི་ངོས་ནས་དམར་ཤོག་ཚོགས་པའི་སྒྲིག་འཛུགས་གཞན་དང་མཉམ་འབྲེལ་དགོས་པ་དང་།  གུང་ཁྲན་ཏང་གི་ དགེ་རྒན་དང་གྲོས་བསྡུར་གྱི་ཐོག་ནས་ལས་དོན་སྤེལ་དགོས་ཀྱི་ཡོད་པ་རེད་འདུག  ལྷག་པར་དུ་ཁྲིམས་རྩོད་ཁང་དེ་དག་གིས་གནད་དོན་གང་ཞིག་གི་ཐོག་དོ་དམ་དང་ཐག་ཆོད་རིགས་བྱེད་དགོས་འབྱུང་སྐབས།  དམར་ཤོག་ཚོགས་པའི་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་ཞུགས་ཆོག་པའི་ལམ་སྲོལ་བཟོ་དགོས་པ།  དེ་བཞིན་གུང་ཁྲན་ཏང་གི་བྱེད་སྒོ་རིགས་ཀྱི་ཆེད་དུ་ས་ཚིགས་དང་། མི་སྣ། མ་དངུལ་བཅས་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག རྒྱ་ནག་གཞུང་གིས་ཐེངས་འདིའི་བསྐྱར་བཅོས་ཁྲིམས་ཡིག་དེས་སྔོན་ཆད་རྒྱ་ནག་ཁྲིམས་ཞིབ་ལྷན་ཁང་གི་སྒྲིག་གཞིའི་ཐོག་ནས་བཀལ་བའི་ཆབ་སྲིད་ཀྱི་དགོས་མཁོ་དེ་ད་ཆ་རྒྱལ་ཁབ་ཀྱི་ཁྲིམས་ཡིག་གི་འོས་འགན་ཞིག་ཏུ་བསྒྱུར་དུ་བཅུག་ཡོད་པ་དང་།  བསྐྱར་བཅོས་དེས་རྒྱ་ནག་ནང་ཕྱིན་ཆད་ཁྲིམས་རྩོད་པའི་ལས་ཀ་བྱེད་འདོད་ཡོད་ན་ངེས་པར་དུ་གཞུང་འཛིན་དམར་ཤོག་ཚོགས་པར་ཤ་ཞེན་གྱི་ཆ་རྐྱེན་ཚང་དགོས་ཀྱི་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན།  དུས་ད་ནས་བཟུང་རྒྱ་ནག་ནང་ཁྲིམས་རྩོད་པ་ཞིག་ཆགས་རྒྱུ་དེ་ད་ཆ་ཆེད་ལས་ཀྱི་ཤེས་ཚད་དང་ཁྲིམས་ཀྱི་ནུས་པ་ཙམ་མ་ཡིན་པར།  རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་དམ་ཚིག་གསལ་པོར་བསྟན་དགོས་པ་ཞིག་ཆགས་ཡོད་ལ།  དེའི་རྐྱེན་པས་ད་ལྟའི་ཆར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་གནད་དོན་ཐོག་ལག་ལེན་བསྟར་བའི་ཁྲིམས་ཀྱི་ཆེད་ལས་པ་ཚོར་མཚོན་ན།  བསྐྱར་བཅོས་ཁྲིམས་ཡིག་དེས་རང་དབང་ཅན་གྱི་ཁྲིམས་ཀྱི་ལས་དོན་བྱེད་སའི་ཁོར་ཡུག་དེ་སྔར་ལྷག་ཇེ་དོག་ཏུ་བཏང་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གིས་ཐེངས་འདིར་ཁྲིམས་རྩོད་ལས་དོན་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་ཡིག་དེ་ལོ་མང་རིང་ཡུལ་དེའི་ནང་གི་ཁྲིམས་རྩོད་པ་ཚོར་གནོན་ཤུགས་ཇེ་ཆེར་སྤྲད་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་དང་།  དེ་ཡང་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཕོན་ཆེ་འཛིན་བཟུང་བྱས་པའི་དོན་རྐྱེན་ 709 crackdown ཞེས་པའི་འོག་ཁྲིམས་རྩོད་པ་ ༣༠༠ ལྷག་འཛིན་བཟུང་དང་བཀག་ཉར་འདྲི་རྩད་སོགས་བྱས་ཡོད་པ་རེད།  དེའི་བར་ན་གནས་ཚུལ་གཞན་ཞིག་ཐོན་པའི་ནང་།  ཉེ་ལམ་རྒྱ་ནག་ནང་གི་ཁྲིམས་རྩོད་པ་ Wang Xiahong ཝང་ཤ་ཧོང་ཞེས་པ་ཞིག་ཡུལ་དེའི་ནང་བཀའ་འཁྲོལ་མེད་པའི་ཡེ་ཤུའི་ལྷ་ཁང་གི་ཆོས་དཔོན་དང་ཚོགས་མི་ཚོའི་ཆོས་དད་རང་དབང་ཆེད་དུ་ཁྲིམས་རྩོད་གནང་བའི་རྐྱེན་གྱིས་གཞུང་འཛིན་དམར་ཤོག་ཚོགས་པས་ཁོད་ང་ཁོང་གི་ཁྲིམས་རྩོད་ཁང་ལ་ཁྲིམས་ཀྱི་ལས་དོན་བཀག་འགོག་བྱེད་རྒྱུ་གཙོས་པའི་ཁྲིམས་རྩོད་ལག་འཁྱེར་ཕྱིར་བསྡུ་བྱེད་རྒྱུའི་སྡིགས་ར་སྐུལ་ཡོད་པ་མ་ཟད།  ཁྲིམས་རྩོད་པ་ Wang Xiahong དང་ཁོང་གི་ནང་མིར་སུན་གཙེར་དང་འཇིགས་སྐུལ་སོགས་བྱས་པར་བརྟེན་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཁོང་དང་ཁོང་གི་ཕྲུ་གུ་གཉིས་ཐེ་ཝན་དུ་བྲོལ་བྱོལ་ལ་ཕེབས་དགོས་བྱུང་འདུག

The post རྒྱ་ནག་གིས་ཡུལ་དེའི་ཁྲིམས་རྩོད་པ་ཚོས་དམར་ཤོག་ཚོགས་པར་ཤ་ཞེན་དགོས་པའི་ཁྲིམས་གསར་གཏན་འབེབས་བྱས་འདུག appeared first on vot.

Original Article