རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

8 hours ago

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས་རྒྱ་ནག་དབུས་དམག་དོན་ལྷན་ཁང་ནས་ཕྱིར་ཕུད་བྱས།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་(zhang youxia) དང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་ (Liu Zhenli) གཉིས་རྒྱ་ནག་དམར་ཤོག་ཚོགས་པར་བློ་མི་དཀར་བ་དང་། དམར་ཤོག་གཞུང་ལ་ཡིད་ཆེས་བརླགས་པ། དེ་བཞིན་དམག་དཔུང་ལ་ཤུགས་རྐྱེན་ངན་པ་སྤྲད་པའི་ནག་ཉེས་གཡོགས་ནས། རྒྱ་ནག་དབུས་དམག་དོན་ལྷན་ཁང་ནས་ཕྱིར་ཕུད་བྱས་འདུག་ལ། འདི་ལོའི་ལོ་མགོར་ཁོང་ཉིད་ལ་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་པ་རེད། 

རྒྱ་ནག་གཞུང་གིས་དམག་དཔོན་དེ་གཉིས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དང་། དམར་ཤོག་གཞུང་ལ་ཡིད་ཆེས་དང་རེ་བ་བརླགས་ཤིང་། རྒྱ་ནག་དམག་དོན་ལྷན་ཁང་གི་འགན་འཁུར་ལམ་ལུགས་ལ་གཏོར་བརླག་དང་ཉམས་དམས་ཚབས་ཆེན་བཏང་བ། རྒྱ་ནག་གི་དམག་སྲིད་ལ་གནོད་འཚེ་དང་འཇིགས་སྐུལ་ཚབས་ཆེན་བཟོས་བ།  རྒྱ་ནག་དམག་དོན་ལྷན་ཁང་གི་སྣང་བརྙན་དང་གཟི་བརྗིད་ལ་གནོད་སྐྱོན་ཚབས་ཆེན་བཏང་བ། དམག་དཔོན་ཁག་གི་མཐུན་སྒྲིལ་དང་ཡར་རྒྱས་ཀྱི་ཆབ་སྲིད་དང་བསམ་བློའི་རྨང་གཞི་ལ་ཤུགས་རྐྱེན་ངན་པ་ཐེབས་པ། དམག་དཔུང་གི་ཆབ་སྲིད་འཛུགས་སྐྲུན་དང་། འཐབ་འཛིང་ནུས་པ་བཅས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་མ་ཟད། དམར་ཤོག་ཚོགས་པ་དང་། རྒྱལ་ཁབ། དམག་དཔུང་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ལུགས་བསྒྲགས་འདུག 

དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གཞུང་གིས་ཀྲང་ཡུ་ཤཱ་དང་ལུའུ་ཀྲན་ལི་གཉིས་ལ་ཆད་པ་གཅོད་པ་དང་ཉེས་ཆད་གཅད་རྒྱུ་ནི་སྲིད་དབང་གི་གནས་སྟངས་ལེགས་སྒྲིག་བྱེད་པ་དང་། བསམ་བློའི་དུག་རྒྱུན་དང་སྤྱོད་ཚུལ་ངན་པ་སེལ་བ། རུལ་སུངས་སེལ་བ། ཆབ་སྲིད་ཀྱི་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། མི་མང་དམག་དཔུང་ལ་སྐུལ་འདེད་གཏོང་བ། དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་དགོས་ངེས་ཀྱི་དོན་སྙིང་གལ་ཆེན་ལྡན་ཚུལ་སོགས་བསྒྲགས་ཏེ་ཁོང་ཉིད་ལ་ཞིབ་བཤེར་བྱེད་མགོ་བཙུགས་ཡོད། 

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ནི། ཕྱི་ལོ་ ༡༩༦༨ ལོར་དམག་དཔུང་ནང་ཞུགས་ཏེ། ཕྱི་ལོ་༡༩༧༩ ལོའི་རྒྱ་ནག་དང་ཝེ་ཐི་ནམ་གྱི་དམག་འཁྲུག་དང་། ཕྱི་ལོ་ ༡༩༨༤ ལོའི་ལའོ་ཧྲན་གྱི་དམག་འཁྲུག་ནང་མཉམ་ཞུགས་བྱས་པས་དམག་འཁྲུག་གི་ཉམས་མྱོང་ལྡན་པའི་དམག་སྤྱི་ཉུང་ཤས་ལས་གཅིག་ཡིན། ཕྱི་ལོ་ ༢༠༠༠ ལོར་ཁོང་དམག་དཔུང་ཨང་༡༣ པའི་དམག་སྤྱིར་གྱུར་བ་དང་། ཕྱི་ལོ་ ༢༠༠༥ ལོར་པེ་ཅིན་དམག་ཁུལ་གྱི་དམག་སྤྱི་གཞོན་པར་གྱུར། ཕྱི་ལོ་ ༢༠༠༧ ལོར་ཁོང་ཧྲེན་ཡང་དམག་ཁུལ་གྱི་དམག་སྤྱིར་བསྐོ་གཞག་བྱས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ལྷན་གྱི་ཚོགས་མིར་གྱུར། ཕྱི་ལོ་ ༢༠༡༡ ལོར་དམག་སྤྱིར་བསྐོ་གཞག་བྱས། ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ ལོའི་བར་རྒྱ་ནག་དམག་དོན་ལྷན་ཁང་གི་གོ་མཚོན་འཕེལ་རྒྱས་སྡེ་ཚན་གྱི་མགོ་ཁྲིད་བྱས། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཚན་པའི་ཚོགས་མིར་གྱུར་པ་དང་། རྒྱ་ནག་དམག་དོན་ལྷན་ཁང་གི་མགོ་གཙོ་གཞོན་པ་ཨང་གཉིས་པར་གྱུར། པྱི་ལོ་ ༢༠༢༢ ལོར་རྒྱ་ནག་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་གཞོན་པ་ཨང་དང་པོར་གྱུར།

དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་ནི། ཕྱི་ལོ་ ༡༩༦༤  ཟླ་ ༨ པར་རྒྱ་ནག་བྱང་རྒྱུད་ཀྱི་ཧུའུ་པེ་ཞིང་ཆེན་གྱི་ལན་ཁྲིང་ཁུལ་དུ་སྐྱེས།  ཕྱི་ལོ་ ༡༩༨༣ ལོར་རྒྱ་ནག་བཅིངས་གྲོལ་དམག་གི་ཁོངས་སུ་ཞུགས་ཏེ། ཕྱི་ལོ་ ༡༩༨༤ ལོར་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། ཕྱི་ལོ་༡༩༧༩ ལོའི་རྒྱ་ནག་དང་ཝེ་ཐི་ནམ་གྱི་དམག་འཁྲུག་དང་། ཕྱི་ལོ་ ༡༩༨༤ ལོའི་ལའོ་ཧྲན་གྱི་དམག་འཁྲུག་ནང་མཉམ་ཞུགས་བྱས་པས་དམག་མི་ཞིག་ཡིན། ཕྱི་ལོ་ ༢༠༡༥ ནས་ ༢༠༢༡ བར་རྒྱ་ནག་བཅིངས་གྲོལ་དམག་གི་ས་དམག་གི་སྤྱི་ཁྱབ་དམག་དཔོན་བྱས། ཕྱི་ལོ་ ༢༠༢༡ ནས་༢༠༢༢  བར་རྒྱ་ནག་བཅིངས་གྲོལ་དམག་གི་ས་དམག་གི་སྤྱི་ཁྱབ་དམག་དཔོན་བྱས། ཕྱི་ལོ་ ༢༠༢༣ ནས་ ༢༠༢༦ ཟླ་ ༨ བར་ཁོས་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མཉམ་འབྲེལ་དམག་དོན་འགན་འཛིན་བྱས་པ་སོགས་འདས་པའི་མི་ལོ་ ༤༣ ནང་ཐེམ་པ་རིམ་འཛེགས་ཀྱིས་རྒྱ་ནག་བཅིངས་གྲོལ་དམག་གི་ཁོངས་སུ་ལས་དོན་གཉེར་ཡོད།  

སྤྱིར་རྒྱ་ནག་དམག་དོན་ལྷན་ཁང་ལ་ཚོགས་མི་བདུན་ཡོད་པ་ལས། ད་ལྟའི་ཆར་རྒྱ་ནག་དམག་དོན་མགོ་ཁྲིད་ཞི་ཅིན་ཕིན་དང་ཁྲིམས་སྒྲིག་མགོ་གཙོ་ཀྲང་ཧྲན་མེན་གཉིས་མ་གཏོགས། ཚོགས་མི་གཞན་རྣམས་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།  རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས།  appeared first on བོད་ཀྱི་དུས་བབ།.

Original Article