རྡ་སྟེང་བོད་ཕྲུག་ཁྱིམ་སྡེས་གཉེར་བའི་ ༢༠༢༦ ལོའི་དབྱར་དུས་སློབ་གྲྭ།

7 hours ago

རྡ་སྟེང་བོད་ཕྲུག་ཁྱིམ་སྡེས་གཉེར་བའི་ ༢༠༢༦ ལོའི་དབྱར་དུས་སློབ་གྲྭ། འདི་ནི་ལོ་ལྟར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེས་གོ་སྒྲིག་གནང་བའི་དབྱར་དུས་སློབ་གྲྭའི་སྐོར་ཡིན་ཅིང་། ད་ལྟའི་ཆར་འདི་ལོའི་དབྱར་དུས་སློབ་གྲྭ་དབུ་འཛུགས་གནང་ནས་ཟླ་ངོ་གཅིག་འཁོར་མཚམས་དང་བསྟུན། དེ་རིང་སྟེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༩ ཉིན། འདི་ག་བོད་ཀྱི་རླུང་འཕྲིན་གྱི་གསར་འགོད་པ་ས་གནས་སུ་ཆེད་བཅར་གྱིས། དབྱར་དུས་སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་ཞུས་ཡོད། ལས་རིམ་འདིའི་ནང་སློབ་ཕྲུག་ཁག་ཅིག་ལ་དབྱར་དུས་སློབ་གྲྭའི་ནང་མཉམ་ཞུགས་གནང་བའི་ཀུན་སློང་དང་། ཉམས་མྱོང་། ཤེས་བྱ་གསར་པ་ཇི་ཐོབ་སོགས་བཅར་འདྲི་ཞུས་ཡོད་ལ། དེ་བཞིན་འབྲེལ་ཡོད་དགེ་རྒན་དང་འཛིན་སྐྱོང་ལ་དབྱར་དུས་སློབ་གྲྭའི་དགོས་དམིགས་དང་། དོན་ཕན་ཇི་ཡོད་སོགས་ཀྱི་སྐོར་ལའང་རྒྱུས་ལོན་ཞུས་ཡོད། རྩ་བའི་བོད་ཕྲུག་ཁྱིམ་སྡེས་གཉེར་བཞིན་པའི་དབྱར་དུས་སློབ་གྲྭ་འདི་བཞིན། ཐོག་མར་ཕྱི་ལོ་ ༢༠༠༥ ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། འདི་ལོར་ཕྱི་ཟླ་ ༧ ཚེས་ ༡ ནས་བདུན་ཕྲག་དྲུག་གི་རིང་ཚོགས་བཞིན་ཡོད་ལ། ཐེངས་འདིར་ཨ་རི་དང་སུད་སི་སོགས་རྒྱལ་ཁབ་དྲུག་ནས་སློབ་མ་ ༡༥ ཙམ་མཉམ་ཞུགས་ཀྱིས། བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། ནང་པའི་ལྟ་གྲུབ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། དེ་བཞིན་བོད་ཀྱི་ཟློས་གར་སྒྱུ་རྩལ་སོགས་སློབ་ཚན་མི་འདྲ་བ་དགུ་ཙམ་སློབ་ཁྲིད་གནང་བཞིན་འདུག དེ་དང་ཆབས་ཅིག་ཉེ་བའི་ལོ་ཤས་ནང་བོད་པའི་སྤྱི་ཚོགས་གཞན་དུའང་དབྱར་དུས་སློབ་གྲྭ་གཉེར་མཁན་ཇེ་མང་དུ་ཕྱིན་པའི་རྐྱེན་གྱིས། སློབ་མའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཀྱང་། བོད་ཁྱིམ་གྱི་ངོས་ནས་སློབ་མའི་མང་ཉུང་ལ་མ་ལྟོས་པར། ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ངོ་སྤྲོད་དང་སློབ་ཁྲིད་གནང་རྒྱུའི་རྩ་བའི་དམིགས་ཡུལ་དང་ཆོད་སེམས་དེ་མུ་མཐུད་རྒྱུན་འཁྱོངས་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་། །
Watch on YouTube