སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

2 hours ago

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༥-༢༠༢༦ གི་ལས་སྡོམ་སྙན་སྒྲོན་དང་བགྲོ་གླེང་གནང་གི་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༦ ཉིན་ནས་ ༢༥ བར་ལས་ཉིན་བཅུའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་དངོས་སུ་འཚོག་མགོ་བཙུགས་ཤིང་། དེ་རིང་ལས་ཉིན་དང་པོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས། བཀའ་བློན་དྲུག་དང་། བོད་མི་མང་སྤྱི་འཐུས་གྲངས་ ༤༣ ཆེད་ཕེབས་གནང་ནས་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་ ༥ བཏོན་གནང་སོང་བ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིགས་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥- ༢༠༢༦ གི་ལས་སྡོམ་སྙན་སྒྲོན་དང་བགྲོ་གླེང་གནང་སོང་།

དེ་རིང་ལས་ཉིན་དང་པོའི་ཚོགས་ཐུན་དང་པོའི་སྟེང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་རང་དབང་རང་བཙན་གྱི་སླད་རང་ལུས་མེ་བསྲེགས་གནང་ནས་སྐུ་གྲོངས་པ་དང་། འཕྲོད་བསྟེན་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༡ ཉིན་དགུང་ལོ་ ༧༨ ཐོག་ཨོ་གླིང་དུ་སྐུ་གྲོངས་པ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ ཉིན་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་པ་གྲགས་ཅན་སྐུ་ཞབས་རོ་བྷར་ཊི་ཐར་མན་( Robert Thurman ) ལགས་དགུང་ལོ་ ༨༤ སྟེང་སྐུ་གྲོངས་པ། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་བ་སྐུ་ཞབས་བྷར་ནེ་ཕེ་རེང་ཀ (Barney Frank) ལགས་ཟླ་ ༥ ཚེས་ ༡༩ ལ་སྐུ་གྲོངས་པ། དེ་བཞིན་ཉེ་ལམ་བལ་བོད་མཐའ་མཚམས་སུ་ཆུ་རུད་ཀྱི་གོད་ཆག་བྱུང་བར་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་གནང་བ་བཅས་ལ་གཞུང་འབྲེལ་རྗེས་དྲན་དང་། མྱ་ངན་གུས་འདུད་ཞུས་སོང་།

དེ་རིང་ལས་སྡོམ་གྲོས་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྟེང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། དེ་རིང་ཕྱི་ཟླ་ ༩ ལས་རིམ་གྱི་གྲོས་ཚོགས་ཆགས་བསྡད་ཡོད་རེད། ལས་རིམ་འདིའི་ནང་ལོགས་ལ་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ བར་གྱི་ལྷན་ཁང་ཁག་གི་ལས་སྡོམ་རྒྱས་པ་རྣམས་ལ། སྤྱི་འཐུས་རྒྱུན་ལས་དང་། ཆབ་སྲིད་སྡེ་ཚན། རྒྱུན་གྲོན་སྡེ་ཚན། འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་གསུམ་གྱིས་ཐུགས་ཞིབ་གནང་ཞིང་། རྒྱུན་ལས་ཀྱིས་གཏན་འབེབས་གནང་པའི་དྲི་བ་ཁག་ལྷན་ཁང་སོ་སོར་ཕུལ་བ་དེའི་ཐོག་ལ་བཀའ་ལན་ཕེབས་ཀྱི་ཡོད་པ་དང་། དེ་བཞིན་ལས་སྡོམ་བསྡུས་པ་བཀའ་བློན་རྣམ་པ་ཚོས་སོ་སོའི་ལྷན་ཁང་དང་འབྲེལ་བའི་གྲོས་ཚོགས་ལ་སྙན་སེང་གནང་རྒྱུ་དང་། སྤྱི་ཡོངས་ཀྱི་ཐོག་ལ་དོགས་འདྲི་དང་བགྲོ་གླེང་དགོས་པའི་གྲོས་འཆར་ཞུ་རྒྱུ་ཡིན། ཁྲིམས་སྒྲིག་ཀྱི་ཐོག་ནས་སྤྱི་འཐུས་སྒེར་གྱི་བཅའ་ཁྲིམས་བསྐྱར་བཅོས། རྒྱུན་ལས་ཀྱི་བཅའ་ཁྲིམས་བསྐྱར་བཅོས། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་དང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཁག་ཅིག་ཕེབས་རྒྱུ་ཡོད། དེ་དང་ཕྱོགས་མཚུངས་ཀྱིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཞིག་འཛུགས་གནང་དགོས་ཀྱི་ཡོད་རེད། ཕྱི་ལོ་ ༢༠༢༢ ། ༢༠༢༣ ལོའི་རྩིས་ཞིབ་ཀྱི་སྙན་ཐོ་ལ་ཞིབ་འཇུག་གནང་མཁན་གྱི་སྐབས་བཅུ་གསུམ་པའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཞིག་འཛུགས་རྒྱུའི་གྲོས་འཆར་ཞིག་ཕེབས་ཀྱི་ཡོད། ཅེས་གསུངས་སོང་།

ཁོ་མོས། ཐེངས་འདིའི་གྲོས་ཚོགས་ཀྱི་སྐབས་སུ་ང་རང་ཚོ་ཐུན་མོང་ལ་ཡོད་པའི་དྲན་ཤེས་བརྟན་པོ་ཞིག་དང་ལྗིད་ཏིག་གེར་བའི་ཚོར་བ་ཞིག་ཡོད་པ་ནི་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་བློས་བཏང་དེ་དང་། རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྟེང་དུ་གཏན་འབེབས་བྱས་པའི་ཁྲིམས་དེ་གཉིས་ཡིན་ལ། རྒྱ་ནག་དམར་གཞུང་ལ་རྒྱ་མིན་པའི་མི་རིགས་གཞན་ཡོངས་རྫོགས་རྩ་མེད་བཟོ་རྒྱུའི་འཆར་གཞི་ཡོད།  དཔེར་ན། མཐུན་སྒྲིལ་དང་ཡར་རྒྱས་ལ་ཁ་གཡར་ནས་འདི་ལོའི་ཕྱི་ཟླ་ ༣  ཁྲིམས་ཤིག་རྒྱལ་སྤྱིའི་ཐོག་ལ་གཏན་འབེབས་བྱས་པ་དང་། ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱས་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་ལ། མཐའ་གཅིག་ཏུ་ངོ་རྒོལ་དང་དགག་པ་ཤུགས་ཆེན་པོ་ཡོད་ཅེས་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད་ལ། དེ་རིང་འདིར་ཞུ་དགོས་དོན་ནི་གྲོས་ཚོགས་དེབ་ཐེར་ནང་གནས་རྒྱུའི་ཆེད་དུ་ཡིན། དེ་ཞུ་དགོས་པའི་རྒྱུ་མཚན་ནི། མི་རིགས་ཤིག་མཐུན་སྒྲིལ་ཡོང་བ་ལ་མི་རིགས་གཞན་ཞིག་གིས་ངོ་བོ་བརླག་དགོས་རྒྱུ་ནི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་མ་གཏོགས། མཐུན་སྒྲིལ་གྱི་སྲིད་ཇུས་མིན་པའི་རྒྱུ་མཚན་གྱིས་ཡིན། གཉིས་ནས་ཡར་རྒྱས་ཡོང་བའི་ཆེད་དུ་མི་རིགས་ཤིག་གི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་གཤིན་པོའི་དུར་མཆོད་ཡན་ཆད་ནས་བཟུང་འགྱུར་བ་གཏང་དགོས་པའི་གནས་བབ་དེ་ནི་ཡར་རྒྱས་ཀྱི་རྣམ་པ་མིན་ལ། དེ་ནི་རིག་གཞུང་རྩ་གཏོར་གྱི་ངན་ཇུས་ཡིན་པས། ང་ཚོས་ངོས་ལེན་རྩ་བ་ཉིད་ནས་ཞུ་ཐུབ་ཀྱི་མེད་ཅེས་དེ་རིང་གྲོས་ཚོགས་ར་བའི་ནང་ཞུ་རྒྱུའི་འདོད་པ་བྱུང་། ཅེས་གསུངས་སོང་།

ཡང་ཁོ་མོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་སྲིད་ཇུས་ཟེར་བ་དེ་ལ་ང་ཚོས་སྦྱངས་ཤིང་ཤེས་པའི་སྒོ་ནས་དེའི་གནད་དོན་རྒྱལ་སྤྱིའི་ཁྱོན་ཡོངས་ལ། གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་མིག་ཆུ་དང་སྡུག་བསྔལ་སོགས་གསན་ཐུབ་པའི་ཕྱོགས་ལ་ཚང་མའི་ནུས་པ་སྤུངས་དགོས་པ་ཞིག་ཆགས་ཡོད་རེད། དཔེར་ན། ཁྲིམས་འཆར་དེར་སྔོན་གླེང་བརྩིས་པའི་ལེའུ་ ༧ དང་། དེའི་ནང་དུ་དོན་ཚན་ ༦༥ ཡོད་པ་ཞིག་གསུང་གི་འདུག དབྱེ་ཞིབ་པ་དང་མཁས་པ་ཚོས་རྒྱ་ཕུད་པའི་མི་རིགས་དག་གིས་དེའི་ཁྲོད་ཀྱི་དོན་ཚན་བཅོ་ལྔ་ལ་དམིགས་བསལ་གྱི་དོ་སྣང་དགོས་གལ་ཆེ་བ་གསུང་གི་ཡོད་རེད། རྩ་བའི་ཕྱོགས་ཡོངས་ནས་དོ་སྣང་བྱ་དགོས་པ་ཞིག་དང་བཅོ་ལྔ་དེ་ནི་ཐད་ཀར་ཁོ་ཚོའི་གྲངས་ཉུང་མི་རིགས་ཟེར་བར་འབྲེལ་བ་ཡོད་དུས། དེ་དག་ལ་ངེས་པར་དུ་ཉམས་ཞིབ་དང་། དེ་དག་རྒྱལ་སྤྱིའི་ཁྲིམས་དང་འགལ་མིན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་དང་འགལ་གྱི་ཡོད་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁུལ་གྱི་ཁྲིམས་དང་འགལ་གྱི་ཡོད་མེད་ལ་འཛིན་སྐྱོང་བཀའ་ཤག་གིས་དབུ་ཁྲིད་པའི་སྲིད་བྱུས་ཉམས་ཞིབ་ཁང་། འགྲོ་བ་མིའི་ཐོབ་ཐང་ཚན་པ་སོགས་ཀྱིས་དཔྱད་ཞིབ་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱིས་ཅི་ཞིག་ཞུ་གཏུག་བྱས་ཀྱང་དེ་དག་ལ་རྒྱབ་རྟེན་ཡོད་པའི་སྒོ་ནས་བྱ་དགོས་རྒྱུ་གལ་ཆེན་པོ་ཆགས་འདུག མི་རིགས་མཐུན་སྒྲིལ་གྱི་ངན་ཇུས་དེ་དུས་ནམ་ཞིག་ལ་བཤམས་འདུག་ཅེ་ན། ཉམས་ཞིབ་པ་རྣམས་ཀྱིས། རྒྱ་ནག་དམར་གཞུང་ཆགས་པ་ནས་བཟུང་དེའི་འོག་ལ་གྲངས་ཉུང་མི་རིགས་ཚང་མ་མི་རིགས་མཉམ་བསྲེས་ཀྱི་སྒོ་ནས་མེད་པར་བྱ་རྒྱུ་ནི་ཁོ་ཚོའི་ཕུགས་ཀྱི་དམིགས་ཡུལ་ཡིན་ཡང་།  དེང་སྐབས་ང་ཚོའི་དོ་སྣང་བྱེད་སའི་ཁྲིམས་དེ་མགྱོགས་པོར་སླེབས་སྟངས་ག་འདྲ་ཡིན་ཞེ་ན། རྒྱ་ནག་དམར་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་དབང་ཆའི་འཐབ་རྩོད་སྲ་བརྟན་བཟོ་རྒྱུའི་ཆེད་དུ་རེད། ཅེས་གསུངས་སོང་།

དེ་བཞིན་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་རེ་སྐུལ་འཕྲིན་ཡིག་ཅིག་སྤྱི་འཐུས་རྣམས་ལ་ཕུལ་བའི་ཁྲོད། ལྷག་བསམ་རྣམ་དག་དང་། སྤྱི་སྙོམས་དྲང་བདེན་གྱི་ལམ་ནས་ཕྱག་ལས་ལྷོད་མེད་གནང་བར་གཞིས་བྱེས་ཇོ་ནང་པ་ཡོངས་ཀྱི་ཚབ་ཞུས་ཏེ་བསྔགས་བརྗོད་གྲངས་མེད་དང་བཅས་ཐུགས་རྗེ་ཆེ་ཞུ། དཔལ་རྒྱལ་བ་ཇོ་ནང་པར་བཅའ་ཁྲིམས་ཐོག་ནས་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་འདྲ་མཉམ་མེད་པའི་དབང་གིས། གཞིས་བྱེས་ཇོ་ནང་པ་ཡོངས་ལ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ཁག་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་ལགས་ན། མི་འགྱངས་པར་ཚོགས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་བརྒྱད་པའི་ཚོགས་དུས་གཉིས་པའི་ཐོག རྒྱུན་ལས་ལྷན་རྒྱས་ཀྱི་ངོས་ནས། དམངས་ཀྱི་རེ་ཞུ་ཐུགས་ལ་བཅངས་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་ཞིག་བསྣམས་གནང་ཡོང་བར། གཞིས་བྱེས་ཇོ་ནང་པ་ཡོངས་ཀྱིས་ལག་གཉིས་ཐལ་མོ་སྦྱར་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན་ཐུགས་བརྩེ་བས་གཟིགས་པར་མཁྱེན། ཞེས་གསལ་འདུག

 དེ་བཞིན་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དང་པོའི་ཚོགས་ཐུན་གསུམ་པ་ནས་ཉིན་འཁྱོངས་རིང་། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དང་བཅས་པའི་རྩིས་ལོ་ ༢༠༢༥ – ༢༠༢༦ གི་ལས་སྡོམ་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་སྡོམ་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དང་བཅས་པའི་ལས་སྡོམ་སྙིང་བསྡུས་དང་སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་སྡོམ་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་དང་འབྲེལ་བའི་ཐོག་སྤྱི་འཐུས་གྲངས་ ༢༩ ཡིས་མཉམ་ཞུགས་ཀྱིས་བགྲོ་གླེང་གནང་སོང་།

གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་། appeared first on བོད་ཀྱི་དུས་བབ།.

Original Article