སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

3 hours ago

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་འཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ནས་ ༣༡ བར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་འཁྲིད་པའི་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་འཚོག་མུས་དང་བསྟུན། གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་མུས་ཡིན་ཞིང་། དེ་རིང་ཕྱི་ཚེས་ ༣༠ བར་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༥༠ ལྷག་ལ་མཇལ་འཕྲད་གནང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བའི་སྐོར་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་སྐོར་སོགས་ཀྱི་ཐོག་ལ་ཞུ་སྐུལ་གནང་མུས་ཡིན་འདུག

གནད་དོན་དེ་དང་འབྲེལ་ནས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་ཀྱིས། ད་ལན་རྒྱ་གར་གྱི་ཆར་དུས་ཀྱི་གྲོས་ཚོགས་ཚོགས་དུས་དང་བསྟུན། ཚོགས་གཞོན་ལགས་ཀྱིས་དབུ་འཁྲིད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ཚོགས་པ་གཉིས་སུ་བགོས་ནས། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མི་སྣ། ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི། དབུས་གཞུང་གི་བློན་ཆེན་དང་འབྲེལ་ཡོད་སོགས་ལ་མཇལ་འཕྲད་ཀྱིས་ཞུ་སྐུལ་བྱེད་མུས་ཡིན་པ་རེད། དེ་རིང་བར་གཙོ་བོ་རྒྱ་གར་གི་གྲོས་ཚོགས་འཐུས་མི་དང་། བློན་ཆེན་དང་བློན་ཆེན་ཟུར་བ་སོགས་གཙོས་གནད་ཡོད་མི་སྣ་ལྔ་བཅུ་ལྷག་དང་མཇལ་འཕྲད་བྱས་ཏེ། བོད་དོན་དང་། རྒྱ་ནག་གཞུང་གི་ཚུལ་མཐུན་མིན་པའི་མི་རིགས་མཐུན་སྒྲིལ་ཟེར་བའི་བཅའ་ཁྲིམས། དེ་བཞིན་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་སྐོར་སོགས་ཡར་ཞུ་སྐུལ་བྱས་ནས། རྩ་བའི་ཆ་ནས་དཔེ་ཡག་པོ་བྱུང་སོང་། ཞེས་བརྗོད་བྱུང་།

ཡང་ཁོང་གིས། ད་ལན་ང་ཚོས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་སྐབས། བོད་ཀྱི་གནད་དོན་དེ་བོད་པ་གཅིག་པུའི་གནད་དོན་ཞིག་གཏན་ནས་མིན་པར་རྒྱ་གར་ལ་རང་བཞིན་གྱིས་འབྲེལ་བ་ཆགས་ཀྱི་ཡོད་པའི་ཐད་ལ་གླེང་སློང་གིས། དཔེར་ན་བོད་དང་རྒྱ་གར་གྱི་ས་མཚམས་ཞེས་ལབ་ན་དཀའ་ངལ་མེད་ཀྱང་། ད་ལྟའི་ཆར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་པ་ལ་བརྟེན་ནས། ད་ལྟ་རྒྱ་གར་གཞུང་ལ་ཆ་མཚོན་ནའང་ཧིན་བོད་མཐའ་མཚམས་ཁུལ་དུ་འགྲོ་གྲོན་ཞེ་དྲགས་གཏང་དགོས་པ་ཞིག་ཆགས་པའི་སྐོར་དང་། ཨ་རིར་མཚོན་ན་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་མང་དག་ཅིག་གཏན་འབེབས་དང་། དམིགས་བསལ་བོད་དེ་དེ་སྔ་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཤིག་རེད་དེ། ད་ལྟ་རྒྱ་ནག་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པ་ངོས་འཛིན་གནང་བའི་ཁྲིམས་འཆར་དང་འབྲེལ། རྒྱ་གར་གཞུང་གིས་ཀྱང་དེ་དང་འདྲ་བའི་ཁྲིམས་འཆར་འཇོག་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་ཀྱི་ཐད་གླེང་སློང་ཞུས་ཡོད། ཅེས་བརྗོད་བྱུང་།

ཁ་སང་ཕྱི་ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས། ཧར་ཡ་ན་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷུ་པིན་དྷར་སིང་ཧུའུ་ཌ་( Bhupinder Singh Hooda) མཆོག་དང་།  ཨུ་ཏར་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌི་ནེ་ཤི་ཤར་མ་ ( Dinesh Sharma) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་གྷུ་ལམ་ཨ་ལི་ཁ་ཊ་ན་ (Ghulam Ali Khatana) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་བྷར་ཌ་ཝཇ་ (Rajeev Bhardwaj) མཆོག་དང་།  སྐུ་ཞབས་ཨ་ནུ་རཀ་སིངྒ་ཋ་ཀུར་ (Anurag Singh Thakur) མཆོག ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ནུ་ཇི་ཀུ་མར་ ( Manoj Kumar) མཆོག་སོགས་དང་མཇལ་འཕྲད་གནང་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ལྟར་ན། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་གིས། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཧྥ་གྷན་སིངྒ་ཀུ་ལ་ས་ཊེ་ (Faggan Singh Kulaste) མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སའུ་གྷ་ཏ་རོ་ཡེ་མཆོག་དང་།  སྐུ་ཞབས་ཝི་རེན་དྷར་སིངྒ་ ( Virendra Singh) མཆོག སྐུ་ཞབས་བྷ་ལ་བྷ་དྷར་མཇ་ཧི་ (Shri Balabhadra Majhi) མཆོག་བཅས་དང་། གཞན་ཡང་། རྒྱ་གར་དབུས་གཞུང་གི་འཚོ་གནས་འཕེལ་རྒྱས་ལྷན་ཁང་གི་བློན་ཆེན་གཞོན་པ་འབུམ་རམས་པ་ཨེ་སི་པི་སིངྒ་སྦ་གྷེལ་ (S. P. Singh Baghel) མཆོག་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱ་ཇ་ཀུ་མར་སངྒ་ཝན་ (Rajkumar Sangwan) མཆོག སྐུ་ཞབས་སུ་ཇིཏ་ཀུ་མར་ (Sujeet Kumar) མཆོག དེ་བཞིན་རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རམ་རྡ་སི་ཨ་ཐ་ཝ་ལི་ (Ramdas Athawale) མཆོག་དང་མཇལ་འཕྲད་གནང་བ་སོགས། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་དང་། བློན་ཆེན། གནད་ཡོད་མི་སྣ་མི་གྲངས་ ༥༠ ལྷག་ལ་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ད་ལན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས། ༡)རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་དམར་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ཉེན་ཚབས་སྐོར་གྲོས་ཚོགས་ནང་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་ཚོགས་ཆུང་ནང་གླེང་སློང་ཡོང་ཐབས་དང་། ༢) བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་རྒྱུ། ༣) རྒྱ་ནག་དམར་གཞུང་གིས་རྒྱ་གར་ནང་ལ་གནས་སྡོད་བོད་མི་རྣམས་ཀྱི་མང་གཙོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་ལ་ངོ་རྒོལ་གནང་རྒྱུ། ༤) རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བཙན་བཟུང་མ་བྱས་གོང་བོད་འདི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་རྒྱུ། ༥) བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་གསལ་ཐབས་སླད་རྒྱ་ནག་གཞུང་གི་མགོ་ཁྲིད་རྣམས་ལ་འབོད་སྐུལ་ཞུ་རྒྱུ་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་བོད་མི་རིགས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱ་གར་གཞུང་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་བཅས་དོན་ཚན་ལྔའི་ཐོག་ཞུ་སྐུལ་གནང་མུས་ཡིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁྲོད། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། དཔོན་ཚང་བློ་བཟང་ཐུབ་བསྟན་ལགས། ཆོས་གྲགས་རྒྱ་མཚོ་ལགས།  མགོན་པོ་དོན་གྲུབ་ལགས། ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་བཅས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

The post སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག appeared first on བོད་ཀྱི་དུས་བབ།.

Original Article