Tibetans Worldwide Join Global Action for Lobga Rangzen, Protest China's New Ethnic Unity Law

2 hours ago

བློ་དགའ་རང་བཙན་གཙོས་པའི་བོད་དོན་ཆེད་བློས་གཏོང་གནང་མཁན་ཡོངས་ལ་རྗེས་དྲན་དང་། རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་ལ་ངོ་རྒོལ་གྱི་ལས་འགུལ་རྒྱལ་སྤྱིའི་ཁྱོན་དུ་སྤེལ་བ། Tibetans Worldwide Join Global Action for Lobga Rangzen, Protest China's New Ethnic Unity Law ཁ་སང་ཕྱི་ཟླ་ ༨ ཚེས་ ༢ ཉིན། བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་གནང་སྟེ་ཟླ་བ་གཅིག་འཁོར་བའི་དུས་ཚིགས་དང་བསྟུན་ནས། འཛམ་གླིང་གི་རྒྱལ་ཁབ་བཅུ་གྲངས་ནང་ཡོངས་ཁྱབ་རང་བཞིན་གྱི་ངོ་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་ཡོད། ལས་འགུལ་འདི་ནི་ཁོང་གིས་གཙོས་པའི་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༧༠ ལྷག་གི་བློས་གཏོང་ལ་རྗེས་དྲན་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ཟེར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་ཆེད་སྤེལ་བ་ཞིག་ཆགས་ཡོད་ལ། དེ་དང་འབྲེལ་ནས་ཨ་རིའི་ནིའུ་ཡོག་གི་འཇག་སན་ཧའེ་ཌེ་ (Jackson Heights) ནས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་བར་པུར་སྒམ་འཁྱེར་ཏེ་རྔམ་སྟོན་ཁྲོམ་སྐོར་དང་། སན་ཧྥ་རན་སི་སི་ཀོ་སོགས་སུ་མར་མེའི་ཁྲོམ་སྐོར་དང་སྐད་འབོད་བྱས་ཡོད་ཅིང་། ས་གནས་ཀྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་ཡོད། དེ་མཚུངས་ཁེ་ན་ཌར་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ལས་འགུལ་བ་མང་པོས་སྐྲ་བྲེགས་པ་སོགས་སེམས་འགུལ་ཆེན་པོའི་ངང་མིག་ཆུ་དང་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དོན་ཐོག་དོ་སྣང་དགོས་པའི་འབོད་སྐུལ་ནན་པོ་ཞུས་ཡོད། དེ་བཞིན་ཡུ་རོབ་ཁུལ་དུ་འཇར་མན་གྱི་རྒྱལ་ས་བྷེར་ལིན་དང་། ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ཡེ་ན། སི་པན་གྱི་བྷར་སི་ལོ་ན། ཧྥ་རན་སི་རྒྱལ་ས་པེ་རི་སི། དབྱིན་ཇིའི་ལོན་ཌོན་བཅས་སུའང་མང་ཚོགས་འདུ་འཛོམས་ཀྱིས་སྐྲ་བཞར་བ་དང་། ༧གོང་ས་མཆོག་གི་སྐུ་པར་དང་བློ་དགའ་རང་བཙན་དམ་པའི་སྐུ་པར་སོགས་འཁྱེར་ཏེ་ཞི་བའི་གོམ་བགྲོད་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། དུས་མཚུངས་ཐའེ་ཝན་དུ་རྒྱ་ནག་དངུལ་ཁང་གི་མདུན་དུ་ངོ་རྒོལ་དང་རྒྱ་ནག་གི་ཁྲིམས་ཡིག་འདྲ་བཤུས་དབྲལ་ཡོད་པ་དང་། ཉི་ཧོང་དང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེ་ཁག་ནང་དུའང་བོད་རིགས་ཚོགས་པ་ཁག་གིས་རྒྱ་ནག་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་འདུག མ་ཟད། རྒྱ་གར་ནང་དུའང་བཞུགས་སྒར་རྡ་རམ་ས་ལ་གཙོ་བོར་གྱུར་པའི་ཅེན་ནའེ་དང་། མུམ་བྷའེ། མོན་གྷོ། ལྡེ་ར་ལྡུན། པོན་ཌོ། ལ་དྭགས་སོགས་སུའང་ཞི་བའི་གོམ་བགྲོད་དང་མར་མེའི་ཁྲོམ་སྐོར་སོགས་སྤེལ་ཡོད་པ་དང་། ལྷག་པར་དུ་དེ་རིང་ཕྱི་ཟླ་ ༨ ཚེས་ ༣ ཉིན་མུམ་བྷའེ་རུ་ལས་འགུལ་བ་ཁག་ཅིག་གིས་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོངས་བྱས་པར་བརྟེན་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་པའི་གནས་ཚུལ་ཡང་ཐོན་འདུག འཛམ་གླིང་རྒྱ་ཁྱབ་ཀྱི་ལས་འགུལ་འདིའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་དང་། བུད་མེད་ལྷན་ཚོགས་དབུས་ས་གཉིས། བོད་རིགས་སྤྱི་མཐུན་ཚོགས་པ་ཁག དང་བླངས་བོད་དོན་ཞུ་གཏུག་རུ་ཁག་ཁག བོད་རང་བཙན་སློབ་ཕྲུག་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་ཁག་བཅས་ཀྱིས་སྣེ་ཁྲིད་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོ་དུས་གཅིག་ཏུ་མཉམ་བཞུགས་གནང་བའི་རྒྱ་ཆེའི་ངོ་རྒོལ་ལས་འགུལ་ཞིག་ཆགས་ཡོད་པ་རེད། །
Watch on YouTube