ཕྱི་ཟླ་ ༩ ཚེས་ ༡༧ ནི་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ཉིན་མོ་ཡིན་པ་དང་བསྟུན། དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་སྩལ་ཏེ། སྲིད་བློན་མཆོག་དགུང་གྲངས་ ༧༦ ལོན་པའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་དང་སྦྲགས། ཁོང་གི་སྐུ་གཟུགས་འཕྲོད་བསྟེན་བདེ་ཐང་ཡོང་བའི་ཐུགས་སྨོན་མཛད་འདུག
༧གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་། ངོས་ནས་རྒྱ་གར་འདི་བཞིན་མངའ་ཐང་ལྡན་ཞིང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་མངོན་འགྱུར་ཡོང་བཞིན་པར་སྐུ་ཉིད་ལ་རྟེན་འབྲེལ་ཞུ་ཆོག་པར་ཞུ། རྒྱ་གར་གྱི་ལེགས་འགྲུབ་ཀྱིས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་གཞོལ་འདེགས་རླབས་ཆེན་ཞུ་བཞིན་ཡོད།
ངོས་ནས་རང་ཉིད་སྤོབས་པ་ཆེ་བའི་འཛམ་གླིང་ནང་འཚེ་མེད་ཞི་བ་དང་སྙིང་རྗེའི་དཔེ་མཚོན་དུ་གྱུར་བའི་རྒྱ་གར་གྱི་ཕོ་ཉ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཞི་བདེ་དང་མཐུན་སྒྲིལ་ནི་རྒྱ་གར་གྱི་གནའ་བོའི་ཤེས་རབ་ལས་བྱུང་བ་ཡིན།
ངོས་ནས་སླར་ཡང་རྒྱ་གར་གཞུང་དང་མི་མང་གིས་ངོས་དང་ངོས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་ངོ་ ༦༧ ལྷག་གི་རིང་གཏོང་ཕོད་ཆེན་པོས་སྣེ་ལེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
སྲིད་བློན་ནཱ་རན་ཌ་ར་མུ་དྷི་མཆོག་ནི། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༩ ཚེས་ ༡༧ ཉིན་གྷོ་ཇི་རཱ་ཊིའི་ཟས་རིགས་འཚོང་མཁན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་ཆུང་དུས་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སུ་ཇ་འཚོང་ཞོར་དུ་སློབ་ཆུང་མཐར་ཕྱིན་ཡོད་པ་དང་། དགུང་ལོ་ ༡༨ སྟེང་ཆང་ས་བརྒྱབ་ཡོད་འདུག ཕྱི་ལོ་༡༩༧༠ ལོར་གྷོ་ཇི་རཱ་ཊིའི་མེ་འཁོར་གྱི་ཐབ་ཚང་ཞིག་ཏུ་ལས་ཀ་བྱས། ཕྱིས་སུ་ཡིག་འབྲེལ་ལམ་ནས་ལྡི་ལི་མཐོ་སློབ་ནས་སྲིད་དོན་ཚན་རིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་དང་གྷོ་ཇི་རཱ་ཊིའི་གཙུག་ལག་སློབ་ཆེན་ནས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་འདུག ཕྱི་ལོ་ ༡༩༩༥ ལོར་བྷི་ཇི་པི་སྲིད་དོན་ཚོགས་པའི་དྲུང་ཆེར་བདམས་ཐོན་བྱུང་སྟེ། ཧི་མ་ཅལ་དང་ཧར་ཡ་ན་མངའ་སྡེའི་ནང་སྲིད་དོན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་གྷོ་ཇི་རཱ་ཊིའི་གྲོས་ཚོགས་ནང་བདམས། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་གྷོ་ཇི་རཱ་ཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱི་སྐབས་ ༡༦ པའི་སྲིད་བློན་དུ་ཐོག་མར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣༠ ཉིན་མུ་དྷི་མཆོག་སླར་ཡང་རྒྱ་གར་སྲིད་བློན་དུ་བདམས་ཐོན་བྱུང་། དེ་བཞིན། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༩ ནས་ཟླ་ ༦ ཚེས་ ༡ བར་ཉིན་གྲངས་ ༤༤ རིང་རྒྱ་གར་གྱི་འོས་བསྡུ་ཆེན་མོ་གནང་སྟེ། སྲིད་བློན་མུ་དྷི་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་རྒྱ་གར་གྱི་སྲིད་བློན་དུ་འོས་འདེམས་བྱུང་ནས་ཕྱག་ལས་གནང་མུས་ཡིན་པ་རེད། ཁོང་སྐབས་གསུམ་རིང་རྒྱ་གར་གྱི་སྲིད་བློན་དུ་འོས་འདེམས་བྱུང་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post ༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད། appeared first on བོད་ཀྱི་དུས་བབ།.




