ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

2 hours ago

ཁ་མཆུ་ཨང་ ༢༣ གཏན་འབེབས་ཀྱི་ཉན་ཞིབ་འཚོག་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཞུ་སྦྱོར་བར་གནད་དོན་གཉིས་ཀྱི་ཐོག་ལ་ཁུངས་སྐྱེལ་བྱེད་དུ་བཅུག་སོང་།

དེ་རིང་ཕྱི་ཚེས་ ༡༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། ཁ་མཆུ་ཨང་ ༢༣ པ་དང་འབྲེལ། སྤྱི་དམངས་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༤༠ པའི་དགོངས་དོན་བཞིན། ཁ་མཆུའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ཅིག་འཚོགས་ཡོད་ཅིང་། ཉན་ཞིབ་ཀྱི་ཁྲིམས་རར་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་དང་ཁྲིམས་རྩོད་པ། རྩོད་ལན་པ་དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ཁྲིམས་རྩོད་པ་སོགས་ཆེད་ཕེབས་གནང་འདུག 

དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་བཟུང་གཏན་འབེབས་བྱེད་སྐབས། ཞུ་སྦྱོར་བས་དབུས་འོས་བསྡུ་ལས་ཁང་གི་ཞུ་སྦྱོར་བ་དང་འབྲེལ་བའི་ཐག་གཅོད་དེ་དག་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད་པ་ཁུངས་སྐྱེལ་བྱེད་དུ་འཇུག་པ་དང་།  དོ་བདག་ཞུ་སྦྱོར་བ་རང་ཉིད་ཁེ་ན་ཊའི་མི་སེར་དང་དཔྱ་ཁྲལ་ལག་དེབ་ཀྱི་ཐོབ་ཁུངས་ཡང་ཁེ་ན་ཌ་ཡིན་བཞིན་དུ། གནས་སྡོད་ཅེས་པའི་ཚིག་གཞི་དེ་དང་འབྲེལ་ནས། ཁེ་ན་ཌར་གནས་སྡོད་བྱེད་མཁན་མིན་པ་དང་། རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་ཡོད་པ་བཅས་ཁུངས་སྐྱེལ་བྱེད་དུ་བཅུག་སོང་། 

གནད་དོན་དེ་དང་འབྲེལ་ནས། དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། གཏན་འབེབས་ཀྱི་ལས་རིམ་ཞེས་པ་ནི་གཙོ་བོ་ཁ་མཆུ་དེ་གནད་དོན་གང་ལ་ཐུག་མིན་གྱི་གནད་དོན་གཙོ་བོ་ངོས་འཛིན་གཏན་འབེབས་གནང་གི་ཡོད་རེད། གནད་དོན་གཙོ་བོ་དེ་དོན་ཚན་གཉིས་ལ་ངོས་འཛིན་གནང་སོང་། གཙོ་བོ་ཐག་གཅོད་དེ་ཞུ་སྦྱོར་བས་དབུས་འོས་བསྡུ་ལྷན་ཁང་གིས་ཐག་གཅོད་གནང་བ་དེ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་ཁྲིམས་གང་ལ་འགལ་མིན་དེ་ཁུངས་བསྐྱལ་རྒྱུ་དེ་རེད། གཉིས་པ་ནི་གནས་སྡོད་དེ་རྒྱ་གར་ནས་ཡིན་གསུངས་ཡ་དེ། ཁུངས་སྐྱེལ་ཡིག་ཆ་ག་རེ་བསྟན་རྒྱུ་ཡོད་ཅེས་པ་དེ་རེད། ཅེས་གསུངས་སོང་། 

ཞུ་སྦྱོར་བའི་ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་དབང་ལགས་ཀྱིས། ད་ལན་གནད་ཆེ་བའི་ཁ་མཆུ་དེ་དང་འབྲེལ་བའི་ཐོག་ནས་གནད་དོན་གཉིས་ཏེ་དངོས་དོན་དང་ཁྲིམས་དོན་གྱི་གནས་བབ་ག་རེ་ཆགས་མིན་གྱི་ཐད་ལ་གཏན་འབེབས་གནང་ནས་ལས་རིམ་འདི་ཕྱིན་པ་རེད། ཅེས་དང་། ང་ཚོས་གནས་སྡོད་ཅེས་པའི་ཐོག་ལ་ཁྲིམས་ཀྱི་ཐོག་ནས་འགྲེལ་བཤད་དགོས་པ་དང་། ཞུ་སྦྱོར་བ་དེ་ད་ལྟ་རྒྱ་གར་ནང་གནས་སྡོད་བྱེད་ཀྱིན་ཡོད་པ་དེ་ང་ཚོས་ཁུངས་སྐྱེལ་བྱ་རྒྱུ་ཞིག་དང་། གནད་དོན་གཞན་ཞིག་ནི་ཁྲིམས་དང་སྒྲིག་གཞིའི་ཆ་རྐྱེན་གྱི་ཐོག་ནས་འོས་བསྡུའི་ནང་བཞེངས་ཆོག་མི་ཆོག་གི་གནས་བབ་ཐོག་ལ་ཁུངས་སྐྱེལ་བྱ་རྒྱུ་དེ་རེད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས། བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་གནས་སྡོད་བྱས་ཏེ། ཕྱིས་སུ་རྒྱ་གར་དུ་ཕྱིར་ལོག་བྱས་པ་ཡིན་ན་ཁྲིམས་དང་སྒྲིག་གཞིའི་ཆ་རྐྱེན་གྱི་འོག་ནས་འོས་ཤོག་འཕེན་ཆོག་གི་ཡོད་མེད་དང་། འོས་གཞིིར་བཞེངས་ཆོག་གི་ཡོད་མེད་ཀྱི་གནས་སྟངས་དེའི་ཐོག བོད་མིའི་སྒྲིག་འཛུགས་དེ་མང་གཙོས་འཛིན་སྐྱོང་བྱེད་ཀྱི་ཡོད་ལ།  ང་ཚོ་མི་རིགས་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་ཞུས་ན། འོས་བསྡུ་རྒྱུ་དེ་སོ་སོའི་འཐབ་རྩོད་ལ་འགན་འཁྲི་བཞེས་པའི་གནས་བབ་ཅིག་གི་ཐོག་ནས་འོས་འཕེན་དགོས་ཀྱི་ཡོད་རེད། གནས་བབ་དེའི་ཐོག་ནས་བོད་མི་སུ་འདྲ་ཞིག་ཡིན་ཡང་། འོས་ཀྱི་ཐོབ་ཐང་དང་འོས་གཞིར་བཞེངས་པའི་ཐོབ་ཐང་དགོས་པ་ཞིག་རེད། ཅེས་བརྗོད་བྱུང་། 

ལུགས་བསམ་མཉམ་འབྲེལ་གྱི་འགན་འཛིན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་མཁས་གྲུབ་ལགས། འདས་པའི་མི་ལོ་གསུམ་རིང་རྒྱ་གར་དུ་གནས་སྡོད་དང་དཔྱ་ཁྲལ་གྱི་འབུལ་བབ་ཀྱང་རྒྱ་གར་ནས་འབུལ་བཞིན་ཡོད་ཀྱང་། འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་དབུས་འོས་བསྡུ་ལྷན་ཁང་གིས་བོད་མི་གཅིག་མཚུངས་བཞིན་འོས་མིར་བཞེངས་བའི་ཐོབ་ཐང་སྤྲད་མེད་སྟབས། ཟླ་འདིའི་ཕྱི་ཚེས་ ༥ ཉིན་སྤྱི་དམངས་གཏུག་གཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༣༥ དགོངས་དོན་བཞིན། ཁ་མཆུ་ཨང་ ༢༣ གྱོད་ཡ་ཕྱོགས་གཉིས་ལ་ཐོག་མའི་ཉན་ཞིབ་འཚོགས་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས།  appeared first on བོད་ཀྱི་དུས་བབ།.

Original Article