གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

2 hours ago

ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཏན་ཉིན་སློབ་གྲྭ་ཁག་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་ཤིག་འཚོག་བཞིན་འདུག

དེ་རིང་ནས་ཟླ་འདིའི་ཕྱི་ཚེས་ ༢༤ བར་ཉིན་གྲངས་བརྒྱད་རིང་བཞུགས་སྒར་དྷ་སའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་དངོས་སུ་དབུ་འཛུགས་གནང་སོང་། ད་ཐེངས་ཀྱི་འདུ་འཛོམས་འདིའི་ཐོག བཙན་བྱོལ་བོད་པའི་སློབ་གྲྭ་ ༡༥ ཡི་སློབ་མ་ ༡༠༠ ལྷག་གིས་མཉམ་ཞུགས་གནང་འདུག 

ད་ལན་གྱི་རིགས་ལམ་འདུ་འཛོམས་དེ་དང་འབྲེལ་ནས་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་སྒྲུབ་བསྟན་པ་ལགས་ཀྱིས། སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གཏོང་སྐབས། མང་པོ་ཞིག་གིས་བློ་འཛིན་བྱས་ཡོད་རེད་དམ། ཡང་ན། དངོས་གནས་རིགས་པ་གཏོང་གིན་ཡོད་མེད་དོགས་པ་བྱེད་ཀྱི་ཡོད། ངས་བསམ་པར་ང་ཚོའི་སློབ་གྲྭ་ཁག་གི་རིགས་ལམ་གྱི་གནས་བབ་དེ་ཚད་དམའ་ཤོས་སུ་བསམ་བློ་གཏོང་ན།  དཔེར་ན། དམ་བཅའ་བས་བློ་འཛིན་མང་པོ་གནང་ཡོད་རེད་ལ། རིགས་ལམ་གཏོང་མཁན་གྱིས་ཀྱང་བློ་འཛིན་མང་པོ་ཞིག་བྱས་ཡོད་རེད། དྲི་བ་ལ་འཚམ་པའི་ལན་མང་པོ་ཡོད་པ་ལས་ལན་ཡག་པོ་ཞིག་འདེབས་པར་བསམ་བློ་གཏང་དགོས་འདུག་པས། སློབ་མའི་རིགས་རྩལ་ལ་ཕན་ཐོགས་ཆེན་པོ་ཡོད། དེང་སྐབས་ཁ་པར་དང་འཕྲུལ་རིགས་སོགས་ཀྱིས་བྱིས་པའི་བསམ་བློའི་འཚར་ལོངས་ཀྱི་སྒོ་འགོག་གི་ཡོད་རེད་ལ། སློབ་སྦྱོང་བྱས་པའི་དོ་སྣང་དེ་དག་ཀྱང་འཕྲོག་འགྲོ་ཡི་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་བཞིན་ང་ཚོས་རིགས་ལམ་ཐོག་འབད་བརྩོན་མང་པོ་ཞིག་བྱེད་ཀྱིན་ཡོད་རེད་དེ། རིགས་ལམ་སྦྱོང་བར་དུས་ཚོད་ཀྱི་ཆ་ནས་འདང་གི་ཡོད་མེད་དང་། རེ་བ་བཅངས་པ་ནང་བཞིན་སློབ་གྲྭའི་ངོས་ནས་དུས་ཚོད་འདང་ངེས་ཤིག་ཕུལ་ཐུབ་ཀྱི་ཡོད་མེད་ཐད་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་རེད་འདུག ཅེས་བརྗོད་བྱུང་། 

ཡང་ཁོང་གིས། རིགས་ལམ་སྦྱངས་ནས་སློབ་ཕྲུག་གི་རིག་པའི་མྱུར་ཚད་ལ་ཏན་ཏན་ཁྱད་པར་བཟོ་ཡི་འདུག ང་རང་སྒེར་གྱི་མི་ཚེའི་ནང་རང་གི་བུ་ཕྲུག་ལ་བསམ་བློ་བཏང་ནའང་དངོས་སུ་ར་སྤྲོད་བྱུང་། ཕ་མ་མང་པོ་ཞིག་གིས་རང་གི་བུ་ཕྲུག་མང་པོ་ཞིག་ཤེས་རིག་ལས་ཁུངས་ཀྱིས་གུང་སེང་སྐབས་ཉིན་གྲངས་བཅུ་གྲངས་ལ་གོ་སྒྲིག་བྱས་པའི་རིགས་ལམ་ཟབ་འཁྲིད་ཁྲོད་མཉམ་ཞུགས་བྱས་འཇུག་གི་ཡོད་ལ། རིགས་ལམ་ཟབ་ཁྲིད་དེ་ཟླ་བ་གཅིག་ལྷག་ཅིག་བྱུང་ན་ཡག་པོ་ཡོད་སྐོར་རྗོད་མཁན་མང་པོ་ཞིག་བྱུང་། ཞེས་བརྗོད་བྱུང་།

ཡང་གོ་པལ་པུར་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་གཡུ་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལན་ང་རང་བོད་ཁྱིམ་གོ་པལ་པུར་གྱི་སྐུ་ཚབ་བྱས་ཏེ་རིགས་ལམ་འདུ་འཛོམས་འདིར་མཉམ་ཞུགས་བྱས་པ་ཡིན་ལ། ལོ་སྔོན་མར་ཅོན་ཏ་ར་བོད་ཁྱིམ་དུ་འཚོགས་པའི་རིགས་ལམ་འདུ་འཛོམས་ཆེན་མོ་དང་། བོད་ཁྱིམ་གྱི་རིགས་ལམ་འདུ་འཛོམས་ཁག་ལའང་མཉམ་ཞུགས་བྱས་པ་ཡིན། ངས་རིགས་ལམ་སྦྱོང་དུས་སེམས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་སྒྲུབ་ཀྱིན་ཡོད་བསམ་གྱི་ཡོད། གང་ཡིན་ཟེར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གསུམ་པ་དེ་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་རེད། རིག་གཞུང་ཟེར་ན་གླུ་གཅིག་པུ་མིན་པར། མཆོད་པ་ཕུལ་བ། རིག་གཞུང་གི་ཁ་ལག་བཟས་པ། རིགས་ལམ་རྩོད་པ་དང་། རྟགས་གསལ་གཏོང་བ་དེ་དག་ཀྱང་རིག་གཞུང་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང་། 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་བཞིན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་གནང་གི་ཡོད་ཅིང་། ཕྱི་ལོ་ ༢༠༡༢ ལོ་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་ཆེད་དུ་དམིགས་ནས་རིགས་ལམ་འདུ་འཛོམས་ཐེངས་དང་པོ་དེ་དབུ་འཛུགས་གནང་སྟེ། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་སློབ་གྲྭ་ཁག་སྡེ་ཚན་ཆེན་མོ་བཞི་སྟེ། དྷེ་ར་རྡུན་ཁུལ་གྱི་སློབ་གྲྭ་ཁག་དང་། དྷ་ས་ཁུལ་གྱི་སློབ་གྲྭ་ཁག ལྷོ་ཁུལ་སློབ་གྲྭ་ཁག བལ་ཡུལ་ཚུད་པའི་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་བཅས་སུ་དབྱེ་ནས། ལོ་རེར་ས་ཁུལ་གཉིས་སུ་རིགས་ལམ་འདུ་འཛོམས་གོ་སྒྲིག་བྱེད་ཀྱིན་ཡོད་ཅིང་། འདས་ལོའི་ཕྱི་ཟླ་༨ ཚེས་ ༡༨ ནས་ ༢༨ བར་ཉིན་གྲངས་བརྒྱད་རིང་ཅོན་ཏ་ར་བོད་ཁྱིམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ་ནས་རིགས་ལམ་འདུ་འཛོམས་ཤིག་འཚོགས་ཡོད་ཅིང་། འདུ་འཛོམས་དེའི་སྟེང་གཏན་ཉིན་སློབ་གྲྭ་ཁག་ ༢༦ གི་སློབ་མ་ ༡༩༨ ཀྱིས་མཉམ་ཞུགས་གནང་ཡོད་ལ། ཕྱི་ལོ་ ༢༠༢༤ ལོར་བོད་ཁྱིམ་གོ་པལ་པུར་དུ། ཧི་མ་ཅལ་མངའ་སྡེའི་བོད་སློབ་ནང་ཁུལ་གྱི་སྐབས་བཅུ་གཅིག་པའི་རིགས་ལམ་འདུ་འཛོམས་དེ་འཚོགས་ཏེ་སློབ་མ་ ༣༠༠ ལྷག་གིས་མཉམ་ཞུགས་གནང་ཡོད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག  appeared first on བོད་ཀྱི་དུས་བབ།.

Original Article