ཆོས་རིག་བཀའ་བློན་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་བཀའ་བློན་གྱི་མཛད་འགན་བཞེས་རྗེས་རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ་འདུག
ཕྱི་ཟླ་ ༨ ཚེས་ ༢༥ ནས་ ༣༡ བར་ཆོས་རིག་བཀའ་བློན་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞིས་ཆགས་ཁག་གི་འཚམས་གཟིགས་སྐོར་བསྐྱོད་ཐེངས་དང་པོ་དང་བསྟུན། ༧དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་བཅས་ལ་མཇལ་ཁ་ཞུས་ཏེ་ཆོས་རིག་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྙན་སྒྲོན་དང་། དེ་བཞིན་སྡེ་ར་ལྡུན་དང་། སིམ་ལ། བོན་གཞིས་རྡོ་ལན་ཇི་བཅས་ཀྱི་ས་གནས་མང་ཚོགས་དང་དགོན་སྡེ་ཁག་གི་འབྲེལ་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་འདུག
ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ཆོས་རིག་བཀའ་བློན་མཆོག་གིས་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་ཤིང་། ཁྱབ་ཁོངས་དགོན་སྡེ་ཁག་དང་། སིམ་ལ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭའི་ཡན་ལག་ཀུ་སུམ་ཀྲི་སྔོན་འགྲོ་སློབ་གྲྭ། ས་གནས་འཕྲོད་བསྟེན་སྨན་ཁང་སོགས་ལ་འཚམས་གཟིགས་ཀྱིས། སྐབས་ ༡༧ པའི་བཀའ་ཤག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་། གཞིས་ལུས་མི་མང་བློ་ཕམ་མི་བཟོ་བ། བཀའ་ཤག་གི་ལས་དོན་ཡོངས་རྫོགས་སྒྲིག་ཁྲིམས་གཙོ་བཟུང་གིས་གནང་རྒྱུ་དང་། གཞན་ཡང་བོད་ཀྱི་གཞོན་སྐྱེས་རྣམས་ལ་ཟུར་དུ་ཐུག་འཕྲད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་མི་རབས་གསར་པས་རྒྱུན་འཛིན་གནང་དགོས་པ་དང་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཐད་ལའང་ལམ་སྟོན་སོགས་གནང་།
ཕྱི་ཟླ་ ༨ ཚེས་ ༢༨ ཉིན་བཀའ་བློན་མཆོག་གིས་བདེ་སྐྱིད་གླིང་ནོར་གླིང་ཐང་དུ་ལྷོ་བྲག་སྲས་མཁར་མི་ལའི་དཀར་ཐོག་དུས་ཆེན་སླར་གསོ་བྱུང་སྟེ་མི་ལོ་ ༣༩ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་ཤིང་། ཕྱི་ཚེས་ ༢༩ ཉིན་རྡོ་ལན་ཇི་བོན་གཞིས་སུ་ཕྱོགས་ཐོན་གནང་སྟེ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ རིན་པོ་ཆེ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་ཏེ། ཆོས་རིག་བཀའ་བློན་གྱིས་ད་བར་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་ལས་དོན་ཇི་སྒྲུབ་རྣམས་ངོ་སྤྲོད་སྙིང་བསྡུས་དང་། ཆོས་རིག་ལས་ཁུངས་ཀྱི་ད་ལྟ་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བའི་རིགས་ཏེ། གནས་སྐོར་མཉེན་ཆས་དང་བོད་ཀྱི་གྲངས་འཛིན་དཔེ་མཛོད་གཉིས་པོ་དང་འབྲེལ་བའི་གནས་ཚུལ་སྙན་སྒྲོན་ལེགས་པར་ཞུས་གྲུབ་རྗེས། ཁུལ་དེར་རྟེན་གཞི་བྱས་པའི་གསོ་རིག་འབུམ་བཞིའི་མཐོ་སློབ་དང་། ས་གནས་འཐུས་ཚོགས་ཚོགས་ཁང་། ས་གནས་མགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་བཅས་སུ་འཚམས་གཟིགས་དང་བཀའ་སློབ་གནང་འདུག
ཕྱི་ཟླ་ ༨ ཚེས་ ༢༦ ཉིན་བཀའ་བློན་མཆོག་གིས་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ཁྱབ་ཁོངས་དགོན་སྡེ་དཔལ་ལྡན་བཀྲ་ཤིས་འཁྱིལ་དགོན་པ་དང་། དཔལ་བདེ་ཆེན་ཆོས་འཁོར་གླིང་དགོན་པ། ཨོ་རྒྱན་སྨིན་གྲོལ་གླིང་དགོན་པ་དང་བཤད་གྲྭ། དཔེ་མཛོད། ༧སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་གཟིམ་ཤག་ཏུ་སྐུ་གདུང་མཆོད་རྟེན་བཅས་ལ་མཆོད་མཇལ་ཞུས་ཤིང་། དེ་བཞིན་ས་གནས་ཀྱི་ལས་ཁུངས་དང་ས་གནས་སྨན་ཁང་བཅས་སུ་གཟིགས་རྟོག་གནང་འདུག
ཕྱི་ཟླ་ ༨ ཚེས་ ༢༥ ཉིན་ཆོས་རིག་བཀའ་བློན་མཆོག་༧དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་དུ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་འཚམས་གཟིགས་མཇལ་ཁ་ཞུ་སྐབས། ཆོས་རིག་ལས་ཁུངས་ཀྱི་སྔར་སྲོལ་བཞིན་བཀའ་ཤག་སྐབས་ ༡༧ པའི་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་ཏེ་དབུ་ཁྲིད་བླ་ཆེན་རྣམ་པར་འཚམས་མཇལ་ཞུ་སྲོལ་ཡོད་པ་ལྟར་འཛིན་སྐྱོང་གི་ལས་དོན་ལམ་ལྷོང་ཡོང་ཕྱིར་ཐུགས་སྨོན་སྐྱབས་འཇུག་དང་། བཀའ་ཤག་སྐབས་ ༡༧ པའི་བཀའ་བློན་གྲུབ་ཆ་དང་། བཀའ་ཤག་གི་སྤྱི་ཡོངས་ཀྱི་ལས་དོན་ཞུ་ཕྱོགས་སོགས་ངོ་སྤྲོད་ཞུས་པ་དང་སྦྲགས། ༧ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་བོད་ཀྱི་སྐད་དང་ཡི་གེ་ཉམས་ཆག་ཧ་ཅང་ཆེན་པོ་འགྲོ་བཞིན་པར་ཐུགས་འཚབ་དང་མ་འོངས་པར་བོད་ཀྱི་ཆོས་རིག་གོང་འཕེལ་གྱི་ཐད་ལ་སླར་ལས་ལྷག་པའི་ལས་དོན་གཉེར་དགོས་པའི་སྐུལ་མ་གནང་རྗེས། བཀའ་བློན་མཆོག་གིས་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ས་གནས་བཟོ་གྲྭ་དང་། ཤེལ་གྱི་བཟོ་གྲྭ(Exile Creations Private Limited) ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། སྤྱི་མི་དང་བརྒྱ་དཔོན་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁུངས། སྐོར་སྐྱོད་ཁྲིམས་ཞིབ་ཁང་དང་བྱང་ཕྱོགས་ཁྲིམས་ཞིབ་ཁང་། བདེ་སྐྱིད་གླིང་གཞི་རིམ་དང་སྔོན་འགྲོ་སློབ་གྲྭ་བཅས་ལ་འཚམས་གཟིགས་གནང་ཞིང་། འབྲེལ་ཡོད་ཚན་པ་ཁག་གི་ལས་བྱེད་ཚོས་ལས་དོན་ལ་འཐུས་ཤོར་མེད་པར་མུ་མཐུད་དང་འབད་བརྩོན་དང་། ལྷག་པར་དགེ་རྒན་རྣམས་ཀྱིས་སློབ་མ་སྐྱེད་སྲིང་སླད་ཀུན་སྤྱོད་ལྡན་པའི་ངང་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ། appeared first on བོད་ཀྱི་དུས་བབ།.




