༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༦ ནས་ཕྱི་ཟླ་ ༡༡ ཚེས་ ༡༦ བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་དང་། དགོན་སྡེ་གྲྭ་ཚང་ཁག་གི་སྨན་ཁང་། ཁྱབ་ཁོངས་སྨན་ཁང་ཁག ཡན་ལོག་སྨན་རྩིས་ཁང་། རྒས་གསོ་ཁང་། སློབ་གྲྭ། ཉམ་ཐག་ཨང་ཐོབ་ཅན་དང་དམིགས་བསལ་དཀའ་ངལ་ཅན་ལ་གཟིགས་སྐོར་དང་རྟོག་ཞིབ་གནང་རྒྱུའི་ལས་རིམ་འགོ་བཙུགས་ཡོད།
དེ་ཡང་ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠།༣༠ ཙམ་ལ་་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་དང་། སྨན་ཁང་འགན་འཛིན། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ས་གནས་ཚོགས་པ་ཁག ༢༦ གི་སྐུ་ཚབ་རྣམ་པས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད། ཉིན་རྒྱབ་ས་གནས་འཕྲོད་བསྟེན་སྨན་ཁང་དུ་གཟིགས་སྐོར་དུ་ཕེབས་ཏེ་སྨན་ཁང་གི་སྡེ་ཚན་ཡོངས་རྫོགས་ནང་གཟིགས་ཞིབ་གནང་བ་དང་སྦྲགས། ལས་བྱེད་རྣམས་ལ་བླང་དོར་ལམ་སྟོན་གནང་ཡོད།ཁོང་གིས་ལས་འགན་གཙོ་བོ་སྟེ་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་དང་ལས་བྱེད་ཀྱི་གནས་སྟངས། ཕྱག་ལས་གནང་ཕྱོགས། མ་འོངས་པར་དབུས་དང་ས་གནས་མཉམ་རུབ་ཀྱི་ཐོག་ནས་ལས་གཞི་ལས་འཆར་ཁག་ཡར་རྒྱས་ཚགས་ཚུད་གཏོང་དགོས་ཇི་ཡོད་སོགས་ཀྱི་ཐོག་གཟིགས་ཞིབ་རྒྱུས་ལོན་གནང་ཆེད་ས་གནས་སུ་ཕེབས་ཡོད་སྐོར་དང་། མ་འོངས་ལོ་ལྔའི་ནང་དམིགས་བསལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་དབུས་ས་གཉིས་མཉམ་རུབ་ཀྱི་ཐོག་ནས་བགྲེས་སོང་མགོན་མེད་དང་ལོ་གཞོན་ནད་མནར་སོགས་ཉམ་ཐག་རྣམས་ལ་གཟིགས་རྟོག་གནང་རྒྱུར་སྔར་ལས་ཤུགས་སྣོན་དགོས་སྐོར་དང་། སྤྱི་ཡོངས་ནས་ནད་རིགས་སྔོན་འགོག་དང་དུས་ཐོག་སྨན་བཅོས་ལག་བསྟར་ཡོང་ཆེད་སྤྱི་ཚོགས་ནང་འཕྲོད་བསྟེན་གོ་རྟོགས་གང་ལེགས་སྤེལ་ཐབས་གནང་གལ་ཆེ་བ། དེ་བཞིན་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ལས་བྱེད་རྒན་པ་ཞབས་ལོ་སུམ་ཅུ་ལྷག་འགྲོ་བཞིན་པ་དང་གཞོན་པ་གསར་ཞུགས་གང་ལེགས་ཡོད་པར་བརྟེན། རྒན་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། གཞོན་པའི་སེམས་ཤུགས་ཀྱི་ཁྲག་ཚ་བོ་མཉམ་འདུས་ཀྱི་ཐོག་ནས་སྤྱི་ཚོགས་ཞབས་ཕྱི་ཞུ་གལ་ཆེ་བ་དང་། མ་འོངས་པར་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ལས་འཆར་ཁག་ཚགས་ཚུད་དང་དོན་སྨིན་ལྡན་པ་ཞིག་ཡོང་བར་སྨན་ཁང་ཁག་གིས་གྲངས་ཐོ་ཚད་ལྡན་གསོག་ཉར་བྱས་ཏེ་འཕྲོད་བསྟེན་ལས་ཁུངས་ལ་མཉམ་སྤྱོད་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐོར་དང་། ལས་བྱེད་རྣམས་ནས་ལས་དོན་འགྲེལ་བརྗོད་གནང་སྐབས་བོད་སྐད་གཙང་མ་དང་ཐ་སྙད་བེད་སྤྱོད་གནང་ཕྱོགས་གང་ལེགས་བྱུང་བར་བསྔགས་བརྗོད་གནང་བ་དང་འབྲེལ། ད་ལན་ཀོ་ལི་གྷལ་དོན་ལྡན་གླིང་དང་། ཧོན་སུར་རབ་རྒྱས་གླིང་། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་སུ་ཕེབས་རྒྱུ་དང་རིམ་བཞིན་རྒྱ་གར་ནང་གི་ཁྱབ་ཁོངས་སྨན་ཁང་དང་དགོན་སྡེ་གྲྭ་ཚང་ཁག་གི་སྨན་ཁང་ཚང་མར་གཟིགས་ཞིབ་ཏུ་ཕེབས་འཆར་ཡོད་སྐོར་སོགས་གསུངས་ཡོད།དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་འཕྲོད་བསྟེན་གྱི་ལས་འཆར་ཁོངས་སུ་ཡོད་པའི་ཆུ་དང་གཙང་འཕྲོད་ཀྱི་ལས་དོན་ཁག་གི་ནང་ཆུ་མཛོད་གསར་རྒྱག་དང་། ཉམས་གསོ། གཙང་བཟོ་བཅས་ཀྱི་ལོ་དུས་ཚེས་གྲངས་ཆུ་མཛོད་ཐོག་འགོད་དགོས་པ་མ་ཟད། ས་གནས་སོ་སོ་ནས་ཆུ་མཛོད་ཀྱི་གྲངས་ཐོ་དང་དེ་འབྲེལ་ལོ་དུས་ཚེས་གྲངས་བཅས་གསལ་བའི་ཐོ་གཞུང་བཟོས་ཏེ་དབུས་འཕྲོད་བསྟེན་ལས་ཁུངས་ལ་གཏོང་དགོས་པའི་ལམ་སྟོན་གནང་རྗེས་ས་གནས་སྨན་ཁང་གསར་རྒྱག་གི་ས་ཆར་གཟིགས་སྐོར་དང་བོགས་ལེན་པ་བསྟན་འཛིན་མི་འགྱུར་ལགས་མཉམ་སྨན་ཁང་གསར་རྒྱག་གི་ལས་གཞི་དང་འབྲེལ་གོ་བསྡུར་ལྷུག་པོ་གནང་ཡོད་པ་བཅས།།



