དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་སྡེ་ར་སྡུན་ཁུལ་དུ་གཞུང་འབྲེལ་མཚམས་གཟིགས་གནང་བ།

1 hour ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་བདེ་སྐྱིད་གླིང་བོད་ཕྲུག་ཁྱིམ་སྡེར་ཕེབས་འབྱོར་སྐབས་སློབ་གྲྭའི་དགེ་ཆེ་དང་དགེ་རྒན། སློབ་ཕྲུག་བཅས་ནས་ཕེབས་བསུ་ཞུས་རྗེས་སློབ་གྲྭའི་དགེ་ཆེ་ནས་ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་བསྟུན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་འཛིན་ཁང་དང་ལས་ཁུངས་ཁག་ཏུ་གཟིགས་ཞིབ་དང་། དེ་ནས་གཞི་རིམ་འོག་མའི་སློབ་གྲྭར་གཟིགས་སྐོར་དང་འབྲེལ་དགེ་རྒན་དང་ལྷན་སློབ་གྲྭའི་མཐུན་རྐྱེན་དང་འབྲེལ་བའི་སྐོར་བཀའ་མོལ་གནང་ཡོད།དེ་ནས་ཆུ་ཚོད་ ༡༠།༡༥ ཙམ་ལ་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་དུ་མང་ཚོགས་ལ་གསུང་བཤད་གནང་སྐབས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༧ པའི་ཕུགས་དམིགས་ཡིག་ཆ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་གལ་གནད་བཅས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་བཞིའི་གལ་གནད་དང་། ཕྲུ་གུའི་མ་འོངས་མདུན་ལམ་སྲུང་སྐྱོབ་ཐད་ཕ་མའི་ལས་འགན་བཅས་ཀྱི་སྐོར་གསུང་བཤད་གནང་།ཉིན་རྒྱབ་ཆུ་ཚོས་ ༢ ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་རཱཇ་པུར་བོད་ཕྲུག་ཁྱིམ་སྡེར་ཕེབས་འབྱོར་སྐབས་དགེ་ལས་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་གྲུབ་རྗེས་ཁོང་གིས་སློབ་མ་རྣམས་ལ་བོད་དོན་ཐབས་རྩོད་ཐོག་མ་འོངས་པའི་འགན་ཁུར་དང་། ཤེས་ཡོན་གྱི་གལ་གནད་སྐོར་ལམ་སྟོན་གནང་བ་མ་ཟད། སློབ་སྦྱོང་གནང་བའི་སྐབས་བཀའ་འདྲི་ཞུ་དགོས་གལ་དང་། རྒྱུ་མཚན་ལྡན་པའི་ཐོག་ནས་སྦྱང་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད།

ཕྱི་དྲོར་བདེ་སྐྱིད་གླིང་དང་རཱཇ་པུར་བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་དང་ལས་བྱེད་ལྷན་ཚོགས་འདུ་ཞིག་ཚོགས་པའི་སྐབས་ཕྲུ་གུའི་མ་འོངས་ཆེད་འགན་ཁུར་དང་ལྷག་བསམ་དགོས་གལ་སྐོར་ནན་བརྗོད་གནང་བ་དང་སྦྲགས། མ་འོངས་པའི་མི་རབས་ཆེད་དུ་ཚང་མས་ཧུར་བརྩོན་གནང་དགོས་པའི་སྐུལ་མ་གནང་ཡོད། དེ་རྗེས་བོད་ཕྲུག་ཁྱིམ་སྡེའི་བགྲེས་ཤག་ཏུ་ཕེབས་ཏེ་བོད་ཕྲུག་ཁྱིམ་སྡེའི་རྒས་ཡོལ་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་དང་། བགྲེས་ཤག་གི་མཐུན་རྐྱེན་ཁག་ལ་གཟིགས་ཞིབ་གནང་ཡོད།ཕྱི་ཚེས་ ༢༡ ཉིན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གོ་རི་མ་ཕི་བོད་ཕྲུག་ཁྱིམ་སྡེ་དང་། དོན་གྲུབ་གླིང་ནེཧ་རུ་དྲན་རྟེན་སློབ་གྲྭར་ཕེབས་ཏེ་འཛིན་ཁང་དང་ཁོར་ཡུག་ལ་གཟིགས་སྐོར་དང་། སློབ་ཕྲུག་དང་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྷན་བཀའ་བསྡུར་གནང་ཡོད།

དེ་རྗེས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་སེ་ལ་ཁུའི་དང་། ཧར་པ་སྤུར། སྤུར་ཝ་ལ། སྤོན་ཊ། དྷ་ས་རམ་ས་ལ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་མུ་མཐུད་གནང་རྒྱུ་ཡིན་པ་བཅས།།

Original Article