དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་བ།

2 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༧ ཉིན་བཀའ་ཤག་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ In His Presence: Reflections on His Holiness the 14th Dalai Lama’s Global Engagements ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད།

དེ་ཡང་དཔེ་དེབ་འདི་ནི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩིའི་ལས་འཆར་གྱི་ཆ་ཤས་ཤིག་ཏུ་པར་སྐྲུན་ཞུས་པ་ཞིག་ཡིན་ཞིང་། ལོ་འཁོར་གཅིག་རིང་གི་གོ་སྟོན་སྲུང་བརྩི་དེ་བཞིན་ལོ་འདིའི་ཕྱི་ཟླ་ ༧ པ་སྟེ་༸གོང་ས་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་ཉིན་མཇུག་སྒྲིལ་ཡོད།

དཔེ་དེབ་འདིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ཟུར་པ་དང་། སྐུ་ཚབ་དོན་གཅོད་ཟུར་པ་བཅས་ཁྱོན་མི་གྲངས་ ༣༩ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མཛད་འཆར་བསྐྱངས་སྐབས་ཞབས་འདེགས་ཞུས་པའི་མྱོང་ཚོར་དང་དྲན་ཐོ་བཅས་ཕྱོགས་སྒྲིག་གནང་ཡོད།

དེ་མཚུངས་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ཟུར་པ་དང་། སྐུ་ཚབ་དོན་གཅོད་ཟུར་པ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་།  རྒྱལ་རྒྱུད་མི་སྣ། ཆོས་ལུགས་ཀྱི་དབུ་ཁྲིད། སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ། ཆབ་སྲིད་པ། གསར་འགོད་ཆེད་ལས་མི་སྣ། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་གྱི་དད་ལྡན་མི་མང་དང་། ལེགས་སྨོན་བྱེད་པོ། མི་མང་དཀྱུས་མ་བཅས་དང་མཇལ་འཕྲད་གནང་བའི་སྐབས་ཀྱི་སྒེར་གྱི་ཉམས་མྱོང་རྣམས་འཁོད་ཡོད།

དེ་བཞིན་༸གོང་ས་མཆོག་གིས་བོད་མིའི་ཆེད་དུ་སྐུ་ངལ་འཛེམས་མེད་ཀྱིས་ལྷག་བསམ་དང་། བོད་དོན་ཐབས་རྩོད་མདུན་སྐྱོད་ཐོག་གི་དབུ་ཁྲིད་ལམ་སྟོན། བཙན་བྱོལ་དུ་མང་གཙོའི་སྒྲིག་འཛུགས་འཛུགས་སྐྲུན་བཅས་ཀྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་ཡོད།

པར་སྐྲུན་འདི་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་སྙིང་རྗེ་དང་། གཞན་ཕན་གྱི་རླབས་ཆེའི་མཛད་འཕྲིན། བོད་དོན་ཐབས་རྩོད་དང་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་ཐུགས་བསྐྱེད་དམ་བཅའ་ལ་ཆེ་བསྟོད་དང་འབྲེལ། མགོན་པོ་མཆོག་དགུང་ལོ་དགུ་བཅུ་གོ་གྲངས་བཞེས་པའི་དུས་སྐབས་འདིར་ཕྱི་དྲིལ་བཀའ་བློན་ཟུར་པ་དང་སྐུ་ཚབ་དོན་གཅོད་ཟུར་པ་རྣམ་པས་འཚམས་འདྲི་ཞུས་ཡོད།

དཔེ་དེབ་དབུ་འབྱེད་སྐབས་ཕྱི་དྲིལ་དྲུང་ཚབ་རྣམ་རྒྱལ་ཚེ་དབང་ལགས་དང་། ཕྱི་དྲིལ་ཡིག་སྒྱུར་དང་པར་སྐྲུན་ཚན་པའི་ཕུར་བུ་སྒྲོལ་མ་ལགས་བཅས་ལྷན་བཅར་ཞུས་ཡོད།།

 

Original Article