བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་མཇུག་སྒྲིལ་བ།

10 hours ago

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་བཅུའི་རིང་བཙན་བྱོལ་བོད་མའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་མཇུག་བསྡོམས་མཛད་སྒོ་འགོ་འཛུགས་གནང་ཞིང་། སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་གཙོས་པའི་ཚོགས་བཅར་བ་བཅས་ཚང་འཛོམས་གནང་ཡོད། སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་རིན་ཆེན་བཟང་མོ་ལགས་ཀྱིས་མཛད་སྒོའི་མདོ་འཛིན་གནང་བའི་ཐོག་ཟབ་སྦྱོང་གི་ཚོགས་བཅར་བ་གཅིག་ནས་མྱོང་ཚོར་མཉམ་སྤྱོད་དང་འབྲེལ། གོ་སྐབས་འདི་ལྟ་བུ་གལ་ཆེ་དོན་ཆེན་བརྩིས་ནས་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་བ་ཞིག་དང་། ཟབ་སྦྱོང་རིང་ཧུར་ཐག་གིས་དུས་ཚོད་ཆུད་ཟོས་སུ་མ་གཏོང་བར་མཉམ་ཞུགས་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་སྔར་ལྷག་གོ་རྟོགས་དང་ངེས་ཤེས་བྱུང་ཡོད་སྐོར་དང་འབྲེལ། སླད་མ་འོངས་པར་ཟབ་སྦྱོང་དེ་མཚུངས་གོ་སྒྲིག་མུ་མཐུད་གནང་སྐྱོང་ཡོང་བ་དང་ཟབ་ཁྲིད་གནང་མཁན་དང་གོ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད།དེ་རྗེས་སྦྱོང་བརྡར་བ་བཅུ་དགུ་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་སྐྱེལ་ལག་འཁྱེར་ཞུ་རྒྱུའི་ཆེད་སྙན་ཞུ་བཟོ་འབུལ་གྲུབ་བསྟུན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁས་ལེན་དམ་འབུལ་ཞུས་པ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ནས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་བགྱིས་པ་རྣམས་ལ་ཁྲིམས་རྩོད་པའི་ལག་འཁྱེར་ཕུལ་བ་དང་། དེ་བཞིན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ནང་མཉམ་ཞུགས་པའི་ཁྲོད་བསྐྱར་སྦྱོང་གནང་མཁན་བཞི་དང་མཉམ་ཞུགས་པ་གསུམ་ལ་ལག་འཁྱེར་ཕུལ་གྲུབ་མཚམས། སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་ཀྱིས་འཚམས་འདྲི་དང་སྦྲགས། ཉིན་བཅུའི་རིང་གི་ཟབ་སྦྱོང་རིང་ཟབ་ཁྲིད་པ་རྣམ་པས་བོད་མིའི་བཅའ་ཁྲིམས་ཐོག་ཟབ་ཁྲིད་གང་ལེགས་གནང་ཡོད་པ་མ་ཟད། ལྷག་པར་ཚོགས་བཅར་བ་རྣམས་ནས་དོ་སྣང་ལྡན་པའི་ཐོག་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།

དེ་བཞིན་ཟབ་སྦྱོང་དེ་ལྟ་བུ་གོ་སྒྲིག་གནང་དགོས་པའི་དགོས་དམིགས་དག་མ་བརྗེད་པ་གནང་དགོས་གལ་དང་། ཟབ་སྦྱོང་འདིའི་བརྒྱུད་ཚོགས་བཅར་བ་བཅུ་དགུ་ཞིག་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་གནང་བ་དག་ལ་འཚམས་འདྲི་དང་། བསྐྱར་སྦྱོང་གནང་མཁན་གྱི་ཚོགས་བཅར་བ་བཞི་ལ་ཡི་རངས་བསྔགས་བརྗོད་དང་མཉམ་ཞུགས་རྣམས་ནས་བསྐྱར་དུ་མ་འོངས་པའི་ཟབ་སྦྱོང་ཁྲོད་འཛུལ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། ཕྱོགས་མཚུངས་མཉམ་ཞུགས་པ་རྣམས་པས་འགན་ཁུར་བཞེས་པའི་ཐོག་སོ་སོའི་སྤྱི་ཚོགས་ནང་བཟང་སྤྱོད་ལྡན་པའི་སྒོ་ནས་ཕན་ཐོགས་ཐུབ་པ་ཞིག་གནང་དགོས་པའི་ལམ་སྟོན་གནང་རྗེས་སྐུ་མགྲོན་རྣམས་དང་ལྷན་ཚོགས་བཅར་བ་རྣམས་སྐུ་པར་སྒྲོན་ཏེ་མཛད་སྒོ་མཇུག་སྒྲིལ་ཡོད།ཐེངས་འདིའི་ཟབ་སྦྱོང་རིང་ཁྲིམས་ཀྱི་སློབ་ཐོན་པ་དང་སློབ་གཉེར་བ། དེ་སྔོན་ཁྲིམས་ཞིབ་ཁང་ནས་ཁྲིམས་རྩོད་པའི་ཕྱག་འཁྱེར་ཐོབ་པའི་ཁྲིམས་རྩོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། ཁྲིམས་ཞིབ་ཁང་མ་ལག་གི་ལས་བྱེད་བཅས་ཁྱོན་མི་གྲངས་ ༢༦ མཉམ་ཞུགས་གནང་ཡོད།སྦྱོང་བརྡར་རིང་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་བཅའ་ཁྲིམས་དང་འབྲེལ་ཡོད་དོན་ཚན་ཁག་གཅིག་གི་ཐོག་གསུང་བཤད་གནང་བ་དང་། སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་སྐོར་སློབ་ཁྲིད། དེ་བཞིན་ལ་དྭགས་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་དང་། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་རིན་ཆེན་བཟང་མོ་ལགས་བཅས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཐོག་སློབ་ཁྲིད་གནང་ཡོད་པ་བཅས། །

Original Article