བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

2 hours ago

 བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པའི་སྟེང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཁ་སང་དང་དེ་རིང་ཕྱི་ཚེས་ ༢༨ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་དྷ་སའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ་འཚོགས་ཡོད་ཅིང་། ད་ལན་ཚོགས་འདུ་དེའི་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་འཛུགས་གནང་བའི་ནང་། སྐུ་ཕྱི་ལུགས་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང། སྐུའི་བོད་ལུགས་བླ་སྨན་རྟ་མགྲིན་ལགས། འཕྲོད་བསྟེན་དྲུང་འཕར་བསྟན་འཛིན་ནོར་བུ་ལགས། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་ཆོས་འཛོམས་ལགས། སྨན་པ་དོན་འགྲུབ་ཚེ་རིང་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་ལགས་བཅས་འདེམས་ཐོན་བྱུང་འདུག་ལ། ལྷན་ཚོགས་འདིའི་སྟེང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་གི་དབུ་འཛིན་དང་སྨན་པ་སོགས་ཁྱོན་མི་གྲངས་ ༤༦ ལྷན་འཛོམས་གནང་འདུག

 འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་འདི་གའི་གསར་འགོད་པར། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ་དེ་ཉིན་གྲངས་གཉིས་ཀྱི་རིང་ས་རཱར་འཚོགས་ཡོད། ད་ལན་གྱི་ཚོགས་ཆེན་འདིའི་ཐོག་ལ་གྲོས་གཞི་གལ་ཆེན་པོ་བཞི་ཡོད། དེའི་ནང་གལ་ཆེ་ཤོས་ཤིག་ནི་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་ཇུས་ཐོག་ལ་ས་གནས་ཁག་མང་པོ་ཞིག་ནས་ཕེབས་པའི་ཚོགས་ཞུགས་པ་རྣམས་ཀྱི་བསམ་ཚུལ་སྤུངས་རྒྱུ་དང་འབྲེལ། སྲིད་སྐྱོང་མཆོག་གིས་ལམ་སྟོན་གནང་བ་ནང་བཞིན་ཚོགས་ཆེན་འདིའི་ཐོག་ལ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་ཆེད་འཛུགས་བྱས་པའི་ཐོག་ནས། བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་སྲིད་ཇུས་རགས་ཟིན་ཞིག་བསྣམས་ཕེབས་ཡོད་རེད། སྲིད་ཇུས་དེ་ཕྱི་ལོ་ ༡༩༩༦ ལོ་ནས་ཚོགས་ཆུང་ཆེད་འཛུགས་བྱས་ཏེ་བསྣམས་ཕེབས་པ་ཞིག་ཡིན་དུས། དེར་གསར་སྣོན་དང་བསྐྱར་བཅོས་བྱ་དགོས་པ་གང་འཚམ་ཞིག་ཡོང་གི་ཡོད་རེད། དེ་དག་མ་འོངས་པར་གང་མགྱོགས་ཀྱིས་གཏན་འབེབས་གནང་རྒྱུ་གཅིག་དང་། དེ་བཞིན་ད་ལན་གྱི་བསྐྱར་ཞིབ་ཀྱི་ཚོགས་ཆེན་འདིའི་ཐོག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ན་ཚ་མང་ཤོས་གཅིན་སྙི་དང་། ཁྲག་རླུང་སྟོད་འཚང་།  སྐྲན་ནད་རིགས་དེ་དག་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་དུས་དེ་དང་འབྲེལ་བའི་བརྗོད་གཞི་དང་། དེ་བཞིན་ཆང་རག་དང་སྨྱོ་རྫས་ངན་གོམས་ཀྱི་དཀའ་ངལ་ཞིག་ཡོང་གི་ཡོད་དུས། མ་འོངས་པ་དཀའ་ངལ་དེ་དག་སེལ་ཐབས་དང་གཟིགས་སྐྱོང་། ལམ་སྟོན་གང་འདྲ་བྱ་དགོས་མིན་སོགས་ནི་ད་ལན་གྱི་ཚོགས་ཆེན་གྱི་བརྗོད་གཞི་གལ་ཆེན་ཞིག་ཡིན། ཅེས་གསུངས་བྱུང་།

 ཡང་འདི་གའི་གསར་འགོད་པས་ད་ལན་བཙན་བྱོལ་བོད་མིའི་སློབ་སྟོན་ཚོགས་ཆུང་ཆེད་འཛུགས་གནང་བ་དང་བསྟུན། མ་འོངས་པར་བཀའ་བློན་མཆོག་གིས་སྣེ་ཁྲིད་པའི་ཚོགས་ཆུང་གིས་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་ག་རེ་གཉེར་འཆར་ཡོད་མེད་དྲིས་པར། འཕྲོད་བསྟེན་བཀའ་བློན་མཆོག་གིས། ད་ལྟ་ཐད་ཀར་ཞུ་ཚོད་ཐིག་ས་མ་རེད། ཡིན་ན་ཡང་། ད་ལྟ་བར་དུ་འཕྲོད་བསྟེན་དེ་གཙོ་བོ་སྔོན་འགོག་དང་སྨན་བཅོས་ལ་ཐུག་ཡོད་སྟབས། བོད་ཀྱི་གསོ་བ་རིག་པ་དེ་ནང་ཆོས་དང་འབྲེལ་བ་ཡོད་དུས། སྔོན་འགོག་གི་ནུས་པ་གཞན་ལས་ལྷག་པ་ཞིག་ཡོད་པས། སྔོན་འགོག་གི་བཅོས་ཐབས་ནང་བོད་ཀྱི་གསོ་བ་རིག་པའི་ཐབས་ལམ་ལ་བསྟེན་ནས་ནད་རིགས་སྔོན་འགོག་གི་ཐད་ལ་སྔར་ལས་ལྷག་པའི་ལམ་ག་ཞིག་ཡོད་པ་དང་། སྨན་བཅོས་ཀྱི་ཐད་ནས་ཀྱང་འགོས་ནད་ཀྱི་རིགས་ལ་ཐབས་ལམ་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་མུས་ཡིན།  ཞེས་གསུངས་སོང་།

 བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པའི་སྟེང་། བོད་མིའི་གཞིས་ཆགས་ནང་གཞོན་སྐྱེས་ཆང་རག་ལོངས་སུ་སྤྱོད་མཁན་དང་གཞན་མྱོས་རྫས་བེད་སྤྱོད་བྱེད་མཁན་ཉུང་དུ་གཏོང་བའི་ཐབས་ལམ་ཇི་ཡོད་སྐོར་གྲོས་བསྡུར་གནང་རྒྱུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་ལྟའི་ཆར་ནད་པའི་གྲངས་འབོར་མང་ཤོས་ཁག་གཉིས་ནི་ཁྲག་རླུང་སྟོད་འཚང་ (Hypertension) དང་གཅིན་སྙི་ (Diabetic) ཡིན་པའི་རྒྱུ་རྐྱེན་དང་། དེའི་སྔོན་འགོག་དང་བཅོས་ཐབས་ཇི་དགེའི་སྐོར་གྲོས་བསྡུར་གནང་རྒྱུ། འཕྲོད་བསྟེན་ལས་ཁུངས་ཀྱི་ནད་པའི་གྲངས་མཛོད་ (Health lnformation System ) ནང་གསལ་མཆིན་ནད་དུག་ཐབས་དང་། ཕོ་བའི་འབྲས་ནད། སེམས་ཁམས་དཀའ་ངལ་ཅན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་པའི་གནས་སྟངས་ལ་བརྟེན། ལྷག་ལུས་སུ་མ་སོང་བར་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྦྱོར་ཐབས་ཀྱི་རྒྱ་ཆེ་བའི་ལས་གཞི་སྤེལ་རྒྱུ་དང་སྦྲགས། གོང་གསལ་གྲངས་མཛོད་ཀྱི་ཁོངས་སུ་ཚུད་ཐབས་བྱ་རྒྱུ་སྐོར་གྲོས་བསྡུར་གནང་རྒྱུ། བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་ཇུས་ (Tibetan health policy) རགས་ཟིན་ཐད་གྲོས་བསྡུར་ལྷུག་པོ་གནང་རྒྱུ་བཅས་གྲོས་གཞི་དོན་ཚན་བཞི་དང་འཕར་མ་བཅས་ལྔ་ཡོད་འདུག  གྲོས་གཞི་དང་པོར་གྲོས་ཆོད་དོན་ཚན་ ༡༠ དང་། གཉིས་པར་གྲོས་ཆོད་དོན་ཚན་ ༥། གསུམ་པར་གྲོས་ཆོད་དོན་ཚན་ ༩། བཞི་པར་གྲོས་ཆོད་དོན་ཚན་གཅིག་དང་གྲོས་གཞི་འཕར་མར་གྲོས་ཆོད་དོན་ཚན་ལྔ་བཅས་གཏན་འབེབས་བྱུང་འདུག

གསར་འགོད་པ། དཔལ་ལྡན།

The post བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་། appeared first on བོད་ཀྱི་དུས་བབ།.

Original Article