བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

3 hours ago

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་སྔའི་འཆར་གཞི་ལྟར་བལ་ཡུལ་ཀ་ཐ་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོར་འཚོགས་མི་ཆོག་པའི་བཀའ་རྒྱ་བཏང་བར་བརྟེན་དྲ་ལམ་དུ་ཚོགས་དགོས་ཁེལ།

ཁ་སང་ཟླ་ ༨ ཚེས་ ༢༨ ཉིན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་དྲ་ལམ་ནས་ཚོགས་གྲུབ་འདུག ཕྱི་ལོ་ ༢༠༢༢ ཅེག་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་ཐག་གཅོད་བྱུང་བ་ལྟར། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༣ ནས་ ༢༩ བར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བལ་ཡུལ་ཀ་ཐ་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོར་ཚོགས་རྒྱུ་གཏན་ཁེལ་ཟིན་ནའང་། འདི་ལོའི་ཟླ་ ༨ ་ཚེས་ ༥ རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གཞུང་གིས་ཀ་ཐ་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོ (Kathmandu University) ལ། རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས (IATS) ཀྱི་ཐེངས་བཅུ་བདུན་པའི་བགྲོ་གླེང་ཚོགས་འདུ་མུ་མཐུད་འཚོགས་མི་ཆོག་པའི་བཀའ་བཀོད་གནང་བ་ལྟར། རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་ཛ་དྲག་ཐོག་དྲ་ལམ་དུ་འཚོགས་རྒྱུའི་ཐག་གཅོད་མི་བྱེད་ཀ་མེད་བྱུང་བས། ཟླ་འདིའི་ཚེས་ ༢༤ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་དྲ་ལམ་དུ་ཚོགས་འདུག

ཐེངས་འདིའི་ཚོགས་འདུའི་ཁྲོད་གཏམ་བཤད་པ་ཐོ་འགོད་བྱེད་མཁན་མི་གྲངས་ ༥༧༣ ཡོད་པ་དང་། དེའི་ཁྲོད་ནས་ ༤༠༠ ལྷག་གིས་དངོས་སུ་དྲ་ཐོག་ཏུ་གཏམ་བཤད་བྱས་ཡོད་འདུག དེ་བཞིན་ཚོགས་འདུའི་ཁྲོད་ཚོགས་ཆུང་ ༩༨ དང་། ཚོགས་ཆུང་རེ་རེའི་བརྗོད་བྱ་མི་འདྲ་བ་དཔེར་ན། བོད་ཀྱི་ཡིག་རྙིང་ཞིབ་འཇུག་དང་། བོད་ཀྱི་རྣལ་འབྱོར་འཕྲུལ་འཁོར་གྱི་ལོ་རྒྱུས། གནའ་རྫས་རིག་པ་སོགས་བོད་ཀྱི་བརྡ་སྤྲོད་དང་རྩོམ་རིག་བཅས་ཀྱིས་མཚོན་པའི་བརྗོད་བྱ་སྣ་ཚོགས་ཡོད་འདུག

ད་ལན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཉིན་མཐའ་མར་ཚོགས་མི་རྣམས་ཀྱིས་འོས་འདེམས་ཀྱི་ལམ་ནས་ཚོགས་གཙོ་གསར་པ་བདམས་ཡོད་པ་དང། འོས་མིའི་ཁོངས་སུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆར་ལེ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཊན་ནེལ་བྷི་རིན་ཀེ་ (Professor Daniel Berounsky) ལགས་དང་། ཨ་རིའི་མི་ན་སོ་ཊ་གཙུག་ལག་སློབ་ཆེན་(University of Minnesota) གྱི་འབུམ་རམས་པ་ཀ་ཊི་ཧྥི་ཊི་ཇེ་རལ་ཌི་ (Dr. Kati Fitzgerald) ལགས་གཉིས་སླེབས་ཡོད་འདུག འོས་བསྡུའི་ཁྲོད་སློབ་དཔོན་ཆེན་མོ་ཊན་ནེལ་བྷི་རིན་ཀེ་ལ་འོས་གྲངས་ ༡༨༡ དང་། འབུམ་རམས་པ་ཀ་ཊི་ཧྤི་ཊི་ཇེ་རལ་ཌི་ལ་འོས་གྲངས་ ༦༥ ཐོབ་ཡོད་པ་དང་།  བོད་རིག་པའི་སློབ་དཔོན་ཆེན་མོ་ཊན་ནེལ་ཀེ་ལགས་རྒྱལ་སྤྱིའི་བོད་རིག་པ་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་པར་བདམས་ཐོན་བྱུང་འདུག

གཞན་ཚོགས་འདུའི་ཁྲོད་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚོགས་ཡུལ་ཐད་ནས། ཡུ་རོབ་ཀྱི་རྒྱལ་ཁབ་ཨོ་སི་ཊི་རི་ཡའི (Austria) རྒྱལ་ས་ཝེ་ན་ (Vienna) ལ་ཡོད་པའི་ཝེ་ན་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ (Universität Wien) དང་། ཁ་ཎ་ཌའི་(Canada) མོན་ཁྲར་གྲོང་ཁྱེར་ (Montréal City) ཀྱི་ཀོན་ཀོར་ཌི་ཡ་གཙུག་ལག་སློབ་ཆེན་(Concordia University) གཉིས་འོས་ཁོངས་སུ་སླེབས་ཡོད་པ་དང་། སློབ་ཆེན་འདི་གཉིས་ལས་གཅིག་ཐེངས་རྗེས་མའི་བོད་རིག་པའི་ཚོགས་ཆེན་འཚོགས་ཡུལ་ཆགས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་གཏན་འཁེལ་བྱུང་མི་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག appeared first on བོད་ཀྱི་དུས་བབ།.

Original Article