བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

7 hours ago

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་ཆུ་ལོག་དང་ས་རུད་ཀྱི་འབྱུང་རྐྱེན་སྐོར་ལ་གླེང་སློང་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་གོད་ཆགས་དང་འབྲེལ་བའི་པར་དང་བརྙན་སོགས་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་བོད་ཀྱི་དྲ་རྒྱའི་ཉེན་རྟོག་པ་ཟེར་བས།  བོད་ནང་ནས་མི་བཅུ་ཡིས་དྲ་ལམ་དུ་ཆུ་ལོག་གི་སྐོར་ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་ཆད་པ་བཅད་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མི་བཅུ་ཡིས་དྲ་ལམ་དུ་བལ་བོད་ས་མཚམས་སུ་བྱུང་བའི་རང་བྱུང་གོད་ཆག་གི་སྐོར་ལ་མི་མང་པོ་བོར་བརླག་དང་འདས་གྲོངས་སུ་ཕྱིན་ཡོད་པའི་དཀྲོག་གཏམ་སྤེལ་བར་བརྟེན། དྲ་རྒྱའི་བདེ་འཇགས་ཟེར་བའི་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་བཅད་ཡོད་ཟེར། འོན་ཀྱང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གཞུང་གིས་བོད་ནང་ནས་སྤེལ་བའི་ཆུ་ལོག་དང་འབྲེལ་བའི་ཡུལ་དངོས་ཀྱི་བརྙན་པར་ཚང་མ་བཀག་སྡོམ་བྱས་ཏེ། མི་མང་ལ་ཉེས་ཆད་གཅོད་བཞིན་པ་དེས་ཐེངས་འདིའི་ཆུ་ལོག་གི་འབྱུང་རྐྱེན་ལ་དོགས་གཞི་ཆེན་པོ་བསླངས་ཡོད་སྐོར་བརྗོད་འདུག་ལ། བལ་ཡུལ་དང་རྒྱ་གར་གྱི་གསར་འགོད་པ་མང་དག་ཅིག་གིས་ཐེངས་འདིའི་ཆུ་ལོག་གི་འབྱུང་རྐྱེན་ནི་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་མང་པོ་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན་པའི་སྐྱོན་བརྗོད་བྱས་འདུག

ཨེ་ཟི་རལ་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་སྐྱིད་གྲོང་ཕྱོགས་ནས་བླངས་པའི་པར་དང་བརྙན་སོགས་ཐེངས་འདིའི་ཆུ་ལོག་དང་འབྲེལ་བའི་གནས་ཚུལ་ཡོངས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་མེད་པར་བཟོ་བཞིན་པ་དེ་ནི་གནས་ཚུལ་བཀག་སྡོམ་བྱས་པ་ཙམ་མ་ཡིན་པར་ཆུ་ལོག་གི་དཔང་རྟགས་མེད་པར་བཟོ་བཞིན་ཡོད་ཅིང་། འཛམ་གླིང་མི་མང་གིས་རྒྱ་ནག་གི་འགྲེལ་བཤད་ལ་ངོས་ལེན་དང་ཡིད་ཆེས་དགོས་ཚེ། དཔང་རྟགས་མེད་པར་བཟོ་རྒྱུ་མ་ཡིན་པར་དཔང་རྟགས་སྟོན་དགོས་ཀྱི་ཡོད་སྐོར་བརྗོད་འདུག་ལ། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དམར་ཤོག་ཚོགས་པའི་གཞུང་འབྲེལ་གྱི་འགྲེལ་བཤད་ཁོ་ན་མ་གཏོགས་རང་དབང་གི་གནས་ཚུལ་རྣམས་བཀག་སྡོམ་བྱས་དང་བྱེད་མུས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བལ་བོད་མཐའ་མཚམས་སྐྱིད་གྲོང་དང་ར་སུ་ཝ་ཁུལ་དུ་གློ་བུར་དུ་ཆུ་ལོག་དང་ས་རུད་ཀྱི་གོད་ཆག་ཆེན་པོ་བྱུང་ནས། དེ་རིང་ཕྱི་ཚེས་ ༣༡ བར་གྱི་གནས་ཚུལ་ལྟར་ན། ཉུང་མཐར་མི་གྲངས་ ༩༡༩  རྐྱེན་འདས་དང་། མི་གྲངས་ ༤༧༩༣ གར་སོང་ཆ་མེད་དུ་གྱུར་བ་ཡོད་པ་མ་ཟད།  ད་དུང་ཤི་རྨས་ཐེབས་པའི་མིའི་གྲངས་འབོར་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར། appeared first on བོད་ཀྱི་དུས་བབ།.

Original Article