བལ་བོད་ས་མཚམས་ཀྱི་འདམ་རུད་དང་ཆུ་ལོག་གི་གོད་ཆག་ལས་མིག་དཔེ་བླངས་ཏེ། རྒྱ་གར་དང་བྷང་ལ་ཌི་ཤི་སོགས་ཀྱིས་རྒྱ་ནག་གི་ཆུའི་དམག་འཁྲུག་ལ་གདོང་ལེན་བྱ་དགོས་པའི་སྐུལ་མ་བྱས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཉིས་ཟུང་འབྲེལ་ཐོག ཨེ་ཤ་ཡའི་ཆུ་བོའི་འགོ་ཁུངས་ཀྱི་དཀའ་ཉེན། བོད་དང་བལ་ཡུལ་གྱི་ཆུ་རུད་ཀྱི་གོད་ཆག་ལ་ཁ་གསལ་གྱི་གནས་ཚུལ་དགོས། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱས་ཏེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། གསར་འགོད་གསལ་བསྒྲགས་དེའི་སྟེང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས། བོད་སྐྱིད་རོང་ནས་ཡིན་པའི་རྒན་བྱམས་པ་དཔལ་ལྡན་ལགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་གྱི་འགན་འཛིན་བསྟན་འཛིན་པ་སངས་ལགས་དང་ལས་འཆར་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས། གཞན་ཡང་རྒྱ་གར་དང་བོད་པའི་གསར་འགོད་པ་བཅས་འཛོམས་འདུག
འདི་གའི་གསར་འགོད་པས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཉམས་ཞིབ་པ་རྒན་པ་བློ་བཟང་དབྱངས་མཚོ་ལགས་སུ་གསར་འགོད་གསལ་བསྒྲགས་དེའི་དགོས་དམིགས་སྐོར་དྲིས་པར་ཁོང་མོས། དེ་རིང་འདིར་གཙོ་བོ་བོད་དང་བལ་ཡུལ་གྱི་ས་མཚམས་ལ་ཆུ་ལོག་བྱུང་བའི་གནད་དོན་དེ་རེད། དེ་ཡང་ཛ་དྲག་ཅིག་ནི་བོད་ནང་གི་བོད་མི་ཚོའི་གནས་སྟངས་དང་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་བཞིན་པ་དེ་རེད། དམིགས་བསལ་བོད་ནང་གི་བོད་མི་ཚོར་ཆུ་ལོག་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྐུར་བྱས་པར་ཁ་གཡར་ནས་ཉེས་ཆད་གཅོད་ཀྱི་ཡོད་པའི་སེམས་འཚབ་དགོས་པའི་གནས་སྟངས་ཡོང་གི་ཡོད་སྟབས། དེ་རིང་གསར་འགོད་གསལ་བསྒྲགས་འདི་བྱས་པ་ཡིན། ཞེས་བརྗོད་བྱུང་།
རྒྱ་ནག་གཞུང་གིས་བལ་ཡུལ་དང་རྒྱ་གར་ལ་བོད་ནང་གི་ས་མཚམས་ཀྱི་འཛུགས་སྐྲུན་ཁག་དང་ཆུ་མཛོད་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་མེད་སྟབས། ད་ལན་གྱི་བལ་བོད་ས་མཚམས་ཀྱི་གོད་ཆག་འདི་ལས་མིག་དཔེ་བླངས་ཏེ། རྒྱ་གར་དང་བྷང་ལ་ཌི་ཤི་སོགས་ཀྱིས་རྒྱ་ནག་གཞུང་ལ་གནོད་ཤུགས་སྤྲད་དེ་མ་འོངས་པར་ཉེན་སྲུང་བྱེད་དགོས་པ་མ་ཟད། འཚོག་ལ་ཉེ་བའི་བྷི་རིག་ཚོགས་ཆེན་སྟེང་རྒྱ་གར་དུ་ཞི་ཅིན་ཕིན་ནམ་རྒྱ་ནག་གི་དཔོན་རིགས་སུ་ཡོང་ལ་ཡར་ལུང་གཙང་པོའི་སྟེང་རྒྱག་བཞིན་པའི་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་ཀྱི་གནས་ཚུལ་དང་། ད་ལྟ་བོད་ཀྱི་ཁོར་ཡུག་ལ་འཕྲད་བཞིན་པའི་དཀའ་ངལ་ཀྱི་གནས་ཚུལ་རྣམས་གླེང་སློང་བྱ་རྒྱུ་གལ་ཆེན་ཆེ་ཡོད་སྐོར་དང་། བོད་ཀྱི་ཁོར་ཡུག་གི་གནད་དོན་ནི་བོད་མི་ཁོ་ན་ཙམ་གྱི་དཀའ་ངལ་མ་ཡིན་པར་ཨེ་ཤ་ཡའི་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་ཐད་ཀར་འབྲེལ་བ་ཡོད་པས། རྒྱ་གར་དང་བྷང་ལ་ཌི་ཤི་གཉིས་ཀྱིས་རྒྱ་ནག་གཞུང་ལ་བོད་ཀྱི་ཁོར་ཡུག་གི་གནད་དོན་གླེང་སློང་བྱ་རྒྱུ་རྗེས་ལུས་ཐེབས་མེད་ན་སྔ་དྲགས་མེད་སྐོར་སོགས་བརྗོད་བྱུང་།
བོད་སྐྱིད་གྲོང་ནས་ཡིན་པའི་རྒན་བྱམས་པ་དཔལ་ལྡན་ལགས་ཀྱིས། བོད་ནང་གི་བོད་མི་ཚོར་ཞིབ་བཤེར་དམ་པོ་བྱེད་ཀྱི་ཡོད་པས། ཁོང་ཚོས་རང་གི་སྤྱི་ཚོགས་དྲ་ལམ་དང་བོད་ཕྱི་ལ་ཡོད་པའི་ནང་མི་ཚོར་གནས་ཚུལ་དང་སྐད་འཕྲིན་གཏོང་བར་རང་དབང་མེད། བཀག་སྡོམ་འདི་དག་ནི་བོད་ནང་གི་གོད་ཆག་གི་པར་དང་བརྙན་ཐུང་གི་དཔང་རྟགས་གང་ཡང་ཕྱིར་མ་ཐོན་པའི་རྒྱུ་མཚན་གཙོ་བོ་དེ་ཡིན། བོད་ཕྱི་ལོགས་སུ་ཡོད་པའི་བོད་མི་ཚོར་ང་ཚོའི་བོད་རིགས་སྤུན་ཟླ་ཇི་ཙམ་རྐྱེན་ལམ་དུ་སོང་ཡོད་མེད་དང༌། མྱུར་སྐྱོབ་དང་རོགས་སྐྱོར་གྱི་ལས་འགུལ་སོགས་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་པའི་ཁུངས་བཙན་གྱི་ལམ་ཁ་མེད་པ་རེད་ཅེས་བརྗོད་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས། ཡིད་སྐྱོའི་གོད་ཆག་ཚབས་ཆེན་འདི་ནི་བོད་མི་ཚོས་མི་ལོ་བཅུ་ཕྲག་མང་པོའི་རིང་སྐད་ཤུགས་མཐོན་པོར་བརྗོད་ཡོད། མཐོ་སྒང་བོད་ཀྱི་ས་ཁམས་ནི་ས་གཤིས་ཀྱི་ཆ་ནས་བརྟན་པོ་མེད་པ་དང་གོ་ལའི་ཚ་དྲོད་འཕེལ་རྒྱས་ཀྱིས་གནོད་སྐྱོན་ཕོག་པའི་ཉེན་ཁ་ཆེན་པོ་ཡོད་པ་དང༌། གཏན་དུ་འཁྱགས་པར་གནས་པའི་འཁྱགས་རོམ་རྣམས་ཞུ་བ་དང་འཁྱགས་རོམ་རྣམས་ཕྱིར་ཤིག་གམ་འགུལ་བསྐྱོད་ཐེབས་ཀྱི་ཡོད། ཛ་དྲག་གི་གནས་སྟངས་འདི་འདྲ་གྱུར་ཡོད་ནའང་། རྒྱ་དམར་གཞུང་གིས་བོད་ནང་མུ་མཐུད་འཛུགས་སྐྲུན་དང་ཆུ་ཤུགས་གློག་ཁང་གསར་རྒྱག་གིས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད་མེད་ཐད་སྙན་ཐོ་མཉམ་སྤྱོད་བྱེད་ཀྱི་མེད།
ཉེ་ཆར་རྒྱ་ནག་གི་ས་ཁམས་རིག་པ་བ་དང་ཁོར་ཡུག་ཞིབ་འཇུག་པ་ཚོས་མེ་ཏོག་ཆུ་རགས་ཀྱི་ཉེན་ཁའི་སྐོར་ལ་སྔོན་བརྡ་བཏང་ཡོད་ཅིང༌། ཆུ་རགས་འདི་ནི་གྲོག་རོང་གསུམ་གྱི་ཆུ་རགས་ལས་ནུས་ཤུགས་ལྡབ་གསུམ་ཀྱི་ཆེ་བ་ཡོད། ཨེ་ཤ་ཡའི་གཙང་པོ་ཆེ་བ་ཡོངས་རྫོགས་བོད་ནས་ཡོང་གི་ཡོད་པ་དང་དེ་དག་གིས་ཆུ་གཞུང་སུ་གནས་པའི་ཨེ་ཤ་ཡའི་མི་འབོར་ཐེཪ་འབུམ་ ༢ ཙམ་ལ་ཆུ་མཁོ་སྤྲོད་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ད་ལྟར་བོད་ནང་འགྲོ་བཞིན་པའི་རྒྱ་ནག་གི་འཛུགས་སྐྲུན་གྱི་ལས་གཞི་ཁག་གི་ཡིག་ཆ་རྣམས་གོད་ཆག་གི་སྐབས་སུ་སྔ་ས་ནས་སྔོན་བརྡ་གཏང་དགོས་པའི་བཟང་སྤྱོད་ཀྱི་འགན་འཁུར་ཡོད་ཅེས་བརྗོད།
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གསལ་བསྒྲགས་ལྟར་ན། རྒྱ་ནག་གཞུང་གིས་བོད་སྐྱིད་གྲོང་ཁུལ་དུ་ཤི་རྐྱེན་ཇི་ཙམ་བྱུང་ཡོད་པ་དང་ཁང་ཁྱིམ། རྒྱུ་དངོས་སོགས་ལ་གནོད་སྐྱོན་ཇི་ཙམ་བྱུང་ཡོད་མེད་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྣམས་རྒྱལ་སྤྱིའི་གསར་ལམ་ཁག་ལ་ཕྱི་གསལ་ནང་གསལ་ཀྱི་ཐོག་ནས་དུས་ཐོག་ཏུ་སྤེལ་བཅུག་དགོས་པ་དང་། དེ་བཞིན། རྒྱ་ནག་གིས་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་ཡུལ་དངོས་ལ་རྟོག་ཞིབ་ཆེད་བོད་སྐྱིད་གྲོང་ཁུལ་དུ་བསྐྱོད་རྒྱུར་ཆོག་མཆན་ཞུས་ཀྱང་མ་སྤྲད་པས། དངོས་ཡོད་གནས་ཚུལ་སྦས་གསང་བྱས་ཏེ་གསར་འགྱུར་ཁ་གསལ་སྤེལ་བའི་རང་དབང་ལ་འགོག་རྐྱེན་བཟོས་པའི་གནས་ཚུལ་ཐོན་འདུག
དགོས་འདུན་གཙོ་བོ་དོན་ཚན་ལྔ་བཏོན་འདུག་པ་དག་ནི། རྒྱ་ནག་གིས་བོད་ནང་གི་གནས་སྟངས་ཐོག་སྙན་ཐོ་དང་གནས་ཚུལ་ཞིབ་ཕྲ་མཁོ་སྤྲོད་བྱེད་དགོས། རྒྱ་ནག་གིས་བོད་ནང་གི་འཁྱགས་རོམ་ཉེན་ཁ་དང་ཆུ་ཚད་སྐོར་གྱི་གནས་ཚུལ་བལ་ཡུལ་ལ་མཁོ་སྤྲོད་དང་ཉེན་བརྡ་སྔོན་སྤྲོད་བྱེད་དགོས། རྒྱ་ནག་གིས་བོད་ནང་ཆུ་ལོག་གིས་གནོད་འཚེ་ཕོག་པའི་མི་རྣམས་ལ་རྒྱལ་སྤྱིའི་རོགས་རམ་དང་མཐུན་འགྱུར་སྤྲོད་འཇུག་དགོས་པ་དང་། དེ་ལ་གང་བྱུང་ཐེ་བྱུས་དང་བཀག་འགོག་བྱེད་མི་ཆོག པེ་ཅིང་གིས་ཆུ་ལོག་གི་གནས་ཚུལ་དང་དེའི་ཤུགས་རྐྱེན་སྐོར་གྱི་གནས་ཚུལ་བརྒྱུད་སྤེལ་བྱེད་པ་དང་རང་གི་ནང་མི་དང་གྲོགས་པོ་ཚོར་བདེའཇགས་ཡིན་མིན་སྐོར་འབྲེལ་བ་བྱེད་མཁན་གྱི་བོད་མི་ཚོར་ཉེས་ཆད་གཏོང་བའམ་བཀག་ཉར་བྱེད་པ། ཡང་ན་བར་ཆད་གཏོང་མི་ཆོག བོད་མི་ཚོར་བཀག་སྡོམ་མེད་པར་རོགས་སྐྱོར་དང་ཉེན་སྐྱོབ་ལས་དོན་ནང་མཉམ་ཞུགས་བྱེད་ཆོག་པའི་ཆོག་མཆན་སྤྲོད་དགོས། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གསར་འགྱུར་ལས་ཁང་། ཛ་དྲག་མྱུར་སྐྱོབ་ལས་ཁུངས་དང་ལྟ་ཞིབ་ཚོགས་པ་སོགས་རྒྱལ་སྤྱིའི་ལས་དོན་པ་ཚོས་བོད་དང་བོད་ཀྱི་གཞི་རྩའི་གནས་ཚུལ་ལ་གུས་ཞབས་ཀྱི་ཆེད་དུ་རང་ཉིད་ཀྱི་བསྒྲགས་གཏམ་དང་སྙན་ཐོའི་ནང་དུ་རྒྱུན་དུ་བོད་ཀྱི་ས་མིང་བེད་སྤྱོད་བྱེད་དགོས་པ་དང༌། ལྷག་པར་དུ་ཤི་ཙང་ཞེས་པའི་ཐ་སྙད་བེད་སྤྱོད་མ་བྱེད་རོགས་ཞུ་རྒྱུ་ཡིན་ཞེས་པ་བཅས་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་། appeared first on བོད་ཀྱི་དུས་བབ།.




