བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

2 hours ago

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེས་བལ་ཡུལ་གྱི་ཕྱི་སྲིད་སྲིད་ཇུས་ལ་དོ་ཕོག་འགྲོ་ཉེན་ཡོད་ལུགས་བཤད་དེ་བལ་ཡུལ་དུ་འཚོག་མི་ཆོག་པའི་བཀའ་རྒྱ་བཏང་འདུག

ཕྱི་ལོ་ ༢༠༢༦ ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ། ཕྱི་ཟླ་ ༨ ཚེས་ ༢༣ ནས་ ༢༩ བར་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་འཚོག་གཏན་ཁེལ་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་དབང་གིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་བལ་ཡུལ་ཀ་ཐི་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོར (Kathmandu University) འཚོགས་མི་ཆོག་པའི་བཀའ་རྒྱ་བཏང་འདུག་ཀྱང་། ད་ལྟ་གོ་སྒྲིག་ཚོགས་ཆུང་གིས་བལ་ཡུལ་གཞུང་གི་ཡིག་ཐོག་གི་བརྡ་ལན་དང་མཐའ་མའི་ཐག་གཅོད་ལ་ངང་སྒུག་བྱེད་མུས་ཡིན་འདུག

ཀ་ཐི་མན་ཌུ་ཆ་འཕྲིན་ལྟར་ན། བལ་ཡུལ་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་བྷ་ཧ་དྷར་(Amrit Bahadur Rai) ཟེར་བས། བལ་ཡུལ་ཀ་ཐི་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོའི་གནད་ཡོད་མི་སྣ་རྣམས་འབོད་འགུག་བྱས་ནས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་བལ་ཡུལ་དུ་འཚོགས་པ་དེས། བལ་ཡུལ་གཞུང་གི་ཕྱི་སྲིད་ལས་དོན་ལ་དོ་ཕོག་འགྲོ་ཡི་ཡོད་ལུགས་བཤད་ནས། ཚོགས་ཆེན་དེ་མཚམས་འཇོག་བྱ་དགོས་ལུགས་བཤད་ཡོད་འདུག་ལ། གནད་དོན་དེ་དང་འབྲེལ་ནས་བལ་ཡུལ་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་བྷ་ཧ་དྷར་གྱིས། ང་ཚོས་གོ་སྒྲིག་བྱེད་མཁན་ཚོར་ཚོགས་ཆེན་དེ་མ་འཚོག་ན་ལེགས་པའི་ལམ་སྟོན་བྱས་པ་ཡིན། ཚོགས་ཆེན་ཐོག་ཚོར་བ་སྐྱེན་པའི་གནད་དོན་དང་། སེམས་འཚབ་སྐྱེ་གཞི་ཞིག་ཏུ་འགྱུར་སྲིད་ལ།  དེ་བཞིན་བདེ་འཇགས་ལའང་ཉེན་ཁ་ཡོད་པས། ང་ཚོས་དྲང་བདེན་གྱི་སྒོ་ནས་གོ་སྒྲིག་བྱེད་མཁན་ཚོར་བྱེད་སྒོ་དེ་མཚམས་འཇོག་བྱ་དགོས་པའི་ལམ་སྟོན་བྱས་ཡིན། ཞེས་བཤད་འདུག

གནད་དོན་དེ་དང་འབྲེལ་ནས་ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གིས་ཚོགས་བཅར་བ་རྣམས་ལ་བསྲིངས་པའི་འཕྲིན་ཐུང་ཞིག་ཏུ། བལ་ཡུལ་གཞུང་གིས་ཀཱ་ཐ་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོ (Kathmandu University) ལ། རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས (IATS) ཀྱི་ཐེངས་བཅུ་བདུན་པའི་བགྲོ་གླེང་ཚོགས་འདུ་མུ་མཐུད་འཚོགས་མི་ཆོག་པའི་བཀའ་བཀོད་གནང་བྱུང་། དེའི་ཐད་བལ་ཡུལ་གཞུང་ནས་ཡིག་ཐོག་གི་བརྡ་ལན་དངོས་སུ་འབྱོར་བར་ད་ལྟ་སྒུག་བསྡད་ཡོད། ཀཱ་ཐ་མན་ཌུ་གཙུག་ལག་སློབ་གྲྭའི་ཧི་མ་ལ་ཡའི་ཨེ་ཤེ་ཡའི་རིག་གཞུང་ཞིབ་འཇུག་ལྟེ་གནས (KU HiCAS) དང་། ནང་བསྟན་ཞིབ་འཇུག་ལྟེ་གནས (KU-CBS) གཉིས་ཀྱིས་སློབ་གསོའི་བགྲོ་གླེང་ཚོགས་འདུ་དེ་འཚོག་རྒྱུ་མཚམས་འཇོག་བྱས་ཡོད། ཚོགས་འདུ་དང་འབྲེལ་བའི་ཐག་གཅོད་གཞན་ཡོངས་ཀྱི་འགན་འཁྲི་རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ལ་རྩིས་སྤྲོད་ཞུ་རྒྱུ་ཡིན། ཞེས་གསལ་འདུག

ཡང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་བཅར་བ་རྣསམ་ལ་བསྲིངས་པའི་འཕྲིན་ཐུང་ནང་། ཐག་གཅོད་འདིར་ངེད་ཚོ་ཧ་ཅང་ཡིད་ཆད་སྐྱོ་སྣང་བྱུང་ཞིང་། ཅིའི་ཕྱིར་ཐག་གཅོད་དེ་ལྟར་བྱུང་བའི་རྒྱུ་མཚན་ཡང་ཤེས་རྟོགས་མ་བྱུང་། གནས་ཚུལ་འདིས་ཁྱེད་རྣམ་པ་ཡོངས་ལ་བར་ཆད་དང་ཐེ་ཚོམ་གྱི་གནས་སྟངས་ཤིག་བཟོས་པར་ངེད་ཚོས་ཧ་ཅང་བློ་ཕམ་ཞུ།  སྐོར་དེའི་ཐད་ངེད་ཚོས་IATS ཀྱི་འགན་འཛིན་ལྷན་ཚོགས་དང་འབྲེལ་བ་བྱེད་བཞིན་ཡོད་ལ། ཉིན་ཤས་ནང་གནས་ཚུལ་གསར་ཤོས་ཇི་མྱུར་ངང་ཞུ་རྒྱུ་ཡིན། གཟའ་པ་སངས་ཉིན་IATS ནས་གསལ་བསྒྲགས་མ་སྤེལ་བར་དུ། འགྲུལ་བཞུད་ཀྱི་འཆར་གཞིར་འགྱུར་བ་གཏོང་རྒྱུར་ཏོག་ཙམ་སྒུག་གནང་རོགས་ཞུ། དུས་སྐབས་འདིར་ངེད་ཚོས་གློག་འཕྲིན་སོ་སོར་ལན་འདེབས་ཐུབ་རྒྱུ་མིན་པས། དེར་ཐུགས་གོ་བ་ཡོང་བའི་རེ་བ་ཞུ། ཁྱེད་རྣམ་པའི་བཟོད་བསྲན་ལ་ཐུགས་རྗེ་ཆེ་ཞུ། ཞེས་བརྗོད་འདུག

ཕྱི་ཟླ་ ༧ ཚེས་ ༢༡ ཉིན་བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་པ་ཀྲང་ཟེར་བས་བལ་ཡུལ་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཨམ་རི་ཐི་བྷ་ཧ་དྷར་རའེ(Amrit Bahadur Rai) ལགས་དང་ཐུག་འཕྲད་བགྱིས་ཏེ།  འདི་ལོའི་བོད་རིག་པའི་ཚོགས་འདུ་དེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྒྱབ་སྐྱོར་བ་ཚོས་བེད་སྤྱོད་གཏོང་ཉེན་ཡོད་པའི་མུར། བོད་དོན་དང་འབྲེལ་བའི་གནད་དོན། དེ་བཞིན་རྒྱ་ནག་གཞུང་ལ་དགག་པ་བྱེད་པའི་གནད་དོན་རིགས་མི་ཡོང་རྒྱུར་ཚོད་འཛིན་བྱ་དགོས་ལུགས་སོགས་བཤད་འདུག་ལ། ཟླ་སྔ་མའི་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་། རྒྱ་ནག་གི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཞོན་ཟུར་བ་དང་། ལུམ་བི་ནི་རུ་ཆགས་པའི་ཀྲུང་ཧྭ་རྒྱ་ནག་གི་ནང་པའི་དགོན་པའི་མཁན་པོ་ཡིན་ཧྲུན་(Yin Shun) ཟེར་བ་ཆེད་དུ་བལ་ཡུལ་དུ་མངགས་གཏོང་བྱས་ཏེ། འདི་ལོའི་བོད་རིག་པའི་ཚོགས་ཆེན་ཐད་རྒྱུས་ལོན་སོགས་བྱས་ཡོད་པ་རེད།

སྤྱིར་འདི་ལོའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ། ཀ་ཐི་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོའི་ཧི་མ་ལ་ཡ་ཨེ་ཤ་ཡའི་རིག་གནས་ལྟེ་གནས་ཁང་དང་ཀ་ཐི་མན་ཌུ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་པའི་ཆོས་རིག་ལྟེ་གནས་ཁང་རང་བྱུང་ཡེ་ཤེས་སློབ་གླིང་གཉིས་ཀྱིས་གཙོ་སྐྱོང་ཞུ་ཡི་ཡོད་ཅིང་། ཚོགས་འདུ་དེ་ཧ་ཡེ་ཊི་(Hyatt Regency Hotel ) གསོལ་མགྲོན་ཁང་དང་ཉེ་འདབས་ཀྱི་ཏཱ་ར་གྷའུང་འགྲེམས་སྟོན་ཁང་(Taragaon) གཉིས་སུ་འཚོག་འཆར་ཡོད་ཅིང་། ས་ཁུལ་དེ་ནི་འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ནས་རྐང་ཐང་དུ་སྐར་མ་ལྔ་ཙམ་མ་གཏོགས་འགོར་གྱི་མེད་པ་རེད།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་དེ་ནི་ཕྱི་ལོ་ ༡༩༧༧ ལོར་དངོས་སུ་བཙུགས་པ་ཞིག་ཡིན་ཞིང་། ཚོགས་ཆེན་དེའི་ཐོག་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། སྐད་ཡིག སྒྱུ་རྩལ་བཅས་ཀྱི་ཐོག་ཞིབ་འཇུག་གོང་འཕེལ་གཏང་རྒྱུར་དམིགས་པའི་ཤེས་ཡོན་གྱི་ཚོགས་འདུ་ཞིག་ཡིན་འདུག་ལ། ད་བར་འཛམ་གླིང་གི་ས་ཕྱོགས་གང་སར་ཚོགས་ཆེན་ཐེངས་བཅུ་དྲུག་འཚོགས་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོར་ཚོགས་ཆེན་དེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་འཚོགས་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག appeared first on བོད་ཀྱི་དུས་བབ།.

Original Article