བོད་པའི་སློབ་གྲྭ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཆེན་མོ་དབུ་འཛུགས།
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ ༢༠༢༦ ལོའི་བོད་པའི་སློབ་གྲྭ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཆེན་མོ་དབུ་འཛུགས།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༨ ཉིན། རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཉིན་གྲངས་གསུམ་རིང་གི་བོད་པའི་སློབ་གྲྭ་ཁག་གི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་དེ་དབུ་འཛུགས་གནང་སོང་ཞིང་། སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དབུ་ཞུགས་ཐོག ལ་དྭགས་དང་ཧི་མ་ཅལ་ཁུལ་གྱི་སློབ་གྲྭ་ཁག་ ༨ ནས་སློབ་ཕྲུག་ ༢༠༠ ཙམ་མཉམ་ཞུགས་ཀྱིས་བོད་དབྱིན་སྐད་ཡིག་གཉིས་ཐོག་དགག་སྒྲུབ་ཀྱི་བགྲོ་གླེང་དང་། སྙན་ངག་གྱེར་འདོན། རིག་གཞུང་འཁྲབ་སྟོན་སོགས་ཀྱི་ལས་རིམ་སྤེལ་བཞིན་འདུག་ལ། ལས་རིམ་འདིའི་དམིགས་ཡུལ་ཡང་། གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་གྱིས་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དང་། སློབ་མའི་ནུས་པ་དང་གདེང་སྤོབས་གོང་སྤེལ་གཏོང་རྒྱུ་བཅས་ཡིན་པ་རེད་འདུག
དུས་མཚུངས་སུ། ལྡེ་ར་ལྡུན་ཁུལ་གྱི་སློབ་གྲྭ་ཁག་ ༧ གྱི་འདུ་འཛོམས་དེ་རཱ་ཇ་པུར་བོད་ཁྱིམ་དུ་འཚོགས་བཞིན་པ་དང་། བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་ ༥ ཡི་སློབ་མ་རྣམས་ཀ་སྦུག་སམ་བྷོ་ཊ་གཏན་སློབ་ཏུ་དེ་རིང་ནས་འཚོགས་བཞིན་ཡོད་འདུག་ལ། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ ༦ གི་འདུ་འཛོམས་དེ་ཕྱི་ཟླ་ ༡༠ པའི་ནང་མོན་གྷོ་སམ་བྷོ་ཊ་གཏན་སློབ་ཏུ་འཚོགས་རྒྱུ་ཡིན་འདུག་ཅིང་། མདོར་ན། ༢༠༢༦ ལོའི་འདུ་འཛོམས་ཆེན་མོ་འདིའི་ཐོག་བོད་པའི་སློབ་གྲྭ་ཁག་ ༢༦ ནས་སློབ་ཕྲུག་ ༦༧༩ ཙམ་མཉམ་ཞུགས་གནང་བཞིན་གི་ཡོད་པ་རེད་འདུག །





