༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༨ ཉིན་རྒྱབ་ཤེས་རིག་ལས་ཁུངས་ཀྱི་དེབ་སྐྱེལ་ཚོགས་པ་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དབུ་བཞུགས་ཐོག་བོད་ཕྲུག་གི་ཤེས་ཡོན་དང་བདེ་དོན་མ་དངུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༨ པ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་གསར་པའི་ནང་བསྐོང་ཚོགས་གནང་ཡོད།
ཚོགས་འདུའི་ནང་ཚོགས་པའི་དྲུང་ཆེ་ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཚོགས་མི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས། ཚོགས་མི་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་ཚེ་རིང་ལགས། ཚོགས་མི་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་ཀུན་དགའ་རྒྱལ་མཚན་ལགས། ཚོགས་མི་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། ཚོགས་མི་ཤེས་རིག་ལས་ཁུངས་ཀྱི་རྩིས་དཔོན་ཟླ་བ་ལགས་བཅས་ཚོགས་ཞུགས་གནང་ཡོད།
ཚོགས་འདུའི་ཐོག་དེ་སྔོན་ཚོགས་འདུ་ ༥༧ པའི་གྲོས་ཆོད་གཏན་འབེབས་དང་ལག་བསྟར་ཇི་ཞུས། རྩིས་ལོ་ ༢༠༢༥༌༌༢༠༢༦ ལོའི་ཚོགས་པའི་ལས་བསྡོམས་དང་ཆེས་མཐོའི་རྩིས་ཞིབ་པས་ (Chartered Accountant) རྩིས་ཞིབ་ཟིན་བའི་རྩིས་ཁྲ་སྤྱན་བསྟར། རྩིས་ལོ་ ༢༠༢༦༌༌༌༢༠༢༧ ལོའི་ཚོགས་པའི་འབབ་ཁྲལ་དང་རྩིས་ཞིབ་པ་བསྐོ་གཞག རྩིས་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ བར་ཚོགས་པའི་རྩིས་ཁུངས་ནས་བར་བརྒལ་བཀའ་འཁྲོལ་ཇི་ཞུས་བཅས་སྙན་གསན་དང་བཀའ་འཁྲོལ་གཏན་འབེབས་བཅས་གནང་ཡོད། །



