༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༢༨ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་དབུ་བཞུགས་ཐོག་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། སྐབས་དེར་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་དང་། ཚོགས་པའི་མ་འོངས་ལས་དོན་གཙོ་ཆེ་ཁག་གི་ཐོག་གྲོས་བསྡུར་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་བསྐྱར་ཞིབ་དང་། སྨན་ཉོ་སྒྲུབ། གོད་ཆག་དང་ཛ་དྲག་སྟངས་འཛིན། སྨན་པའི་ཤེས་ཡོན་དང་གསོ་བ་རིག་པ། ཆེད་ལས་གོང་འཕེལ་དང་ནུས་པ་གོང་མཐོར། རྨང་གཞི་འཛུགས་སྐྲུན། ཉམས་ཞིབ། གསོ་བ་རིག་པ་དང་མཉམ་ལས་བཅས་ཀྱི་ཐོག་བསྐྱར་ཞིབ་གནང་ཡོད། བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྲིད་བྱུས་དེ་བཞིན་ཡུན་རིང་སྒྲོམ་གཞི་ཞིག་ཏུ་འགྱུར་རྒྱུར་དམིགས་ཡོད་སྟབས་ཚོགས་མི་རྣམས་ཀྱིས་སྲིད་བྱུས་དེ་ཉིད་རྒྱ་གར་གྱི་ཉེ་དུས་ཀྱི་ཁྲིམས་དང་། སྒྲིག་གཞི་བཅས་ལ་གཞིགས་ཏེ་བཟོ་དགོས་པའི་ནན་བརྗོད་གནང་ཡོད།
སྐབས་དེར་ཚོགས་མི་རྣམས་ཀྱིས་འཕྲོད་བསྟེན་དང་འཛིན་སྐྱོང་མི་སྣ་ལས་གྲུབ་པའི་འཕྲོད་བསྟེན་ལམ་སྟོན་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུར་མོས་མཐུན་གནང་ཡོད་པ་མ་ཟད། ཚོགས་འདུའི་ཐོག་རླངས་འཁོར་རྙིང་པ་དེ་དམ་འབྱར་དང་ལེན་བརྒྱུད་ནས་བཙོང་རྒྱུ་གཏན་འབེབས་གནང་བ་དང་། ཐེངས་རྗེས་མའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༢༧ ཟླ་བ་ ༠༣ ནང་དྲ་ཐོག་བརྒྱུད་ཚོགས་གཏན་འཁེལ་ཡོད་པ་བཅས།།





