བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ དབུ་འབྱེད་མཛད་སྒོ།

3 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༧ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་དྷ་ས་མཉམ་འབྲེལ་གཉིས་ཐུན་མོང་གི་གོ་སྒྲིག་འོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ དེ་བཞིན་བཞུགས་སྒར་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་དང་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ་བཅས་མཉམ་འཛོམས་གནང་ཡོད།  དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་རྣམས་ཚང་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་གྲུབ་རྗེས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་རྗེས་རིམ་བཞིན་དམིགས་བསལ་སྐུ་མགྲོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་སྐུ་པར་ལ་མཇལ་དར་སྒྲོན་འབུལ་ཞུས་ཡོད། དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་གཙོས་རྒྱལ་གཅེས་པ་རྣམས་ཀྱི་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་ཞུས་གྲུབ་མཚམས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གལ་གནད། དེའི་འབྱུང་རིམ་དང་འཕེལ་རིམ་དང་འབྲེལ་ད་ལྟའི་ཆར་བཙན་བྱོལ་བོད་མིའི་མཉམ་འབྲེལ་གྱི་སྒྲིག་འཛུགས་ཁག་རྒྱ་གར་གྱི་ཁྲིམས་མཐུན་བཞིན་འཛིན་སྐྱོང་གནང་བཞིན་པའི་སྐོར། དེ་བཞིན་མཉམ་འབྲེལ་གྱི་དམིགས་ཡུལ་དང་ལྟ་གྲུབ་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད། དེ་རྗེས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་པདྨ་བདེ་ལེགས་ལགས་ནས་ཚོགས་འདུའི་ངོ་སྤྲོད་དང་འབྲེལ། ཐེངས་འདིར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ ༢༥ དང་འབྲེལ་ལོ་རྒྱུས་དང་ལས་བསྡོམས་ཀྱི་ཆེད་དེབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་སློབ་སྒྲོགས་སྦྱང་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་དང་སྦྲགས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། གཅིག་ཕན་གཅིག་རོགས། ཐུན་མོང་ཡར་རྒྱས་གོང་འཕེལ། ཡུལ་མིར་མཐུན་གཤིབ། ལས་དོན་དྲང་བདེན། ཉམ་ཐག་ལ་ལྟ་སྐྱོང་སོགས་གནང་དགོས་པའི་ལམ་སྟོན་བཀའ་བློན་སྩལ་ཏེ་ཚོགས་འདུའི་དམིགས་ཡུལ་བཞིན་ལེགས་སྒྲུབ་ཡོང་བའི་སྨོན་འདུན་མཛད་ཡོད།དེ་བཞིན་ཚོགས་གཙོ་ནས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་འབྱུང་རིམ་དང་འབྲེལ། དེ་སྔོན་མཉམ་འབྲེལ་གྱི་ཤེར་བདག་དང་ལས་བྱེད་རྣམས་ལ་མཉམ་འབྲེལ་གྱི་ལྟ་གྲུབ་རྒྱལ་ལྗོངས་དམན་པ་དང་། ལས་དོན་རྣམས་ཁྲིམས་མཐུན་གྱི་ལག་བསྟར་ཚུལ་བཞིན་མ་བྱུང་བའི་དབང་གིས་མཉམ་འབྲེལ་གྱི་དགོས་དམིགས་ཇི་བཞིན་གྲུབ་མ་ཐུབ་པ་མ་ཟད། མང་ཚོགས་ཀྱིས་མཉམ་འབྲེལ་ལས་དོན་ཐོག་རྒྱུན་འཛིན་དང་སྟངས་འཛིན་ནུས་པ་ཐོན་པ་ཞིག་ཡོང་དཀའ་བ། དེ་བཞིན་མཉམ་འབྲེལ་གྱི་ལྟ་གྲུབ་དང་ཁྲིམས་སྒྲིག་བཅས་ལ་མི་མཐུན་པ་བཅས་ཀྱི་གནས་ཚུལ་དེ་དག་ལ་བརྟེན། བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་ཟུར་སྐྱབ་རྗེ་མཁས་དབང་ཟམ་གདོང་རིན་པོ་མཆོག་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་ཕྱི་ལོ་ ༢༠༠༥ ལོར་བོད་མིའི་མཉམ་འབྲེལ་བཅོ་ལྔའི་ཐུན་མོང་གི་སྒྲིག་འཛུགས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གསར་འཛུགས་གནང་སྟེ་རྒྱ་གར་དབུས་མཉམ་འབྲེལ་ཁོངས་སུ་དེབ་སྐྱེལ་བྱས་ཡོད་པའི་སྐོར་དང་། གཞིས་ཆགས་འགའ་ཞིག་ཏུ་ཁོར་ཡུག་གི་རྐྱེན་པས་མཉམ་འབྲེལ་གྱི་དམིགས་ཡུལ་དང་ལྟ་གྲུབ་གཞི་བཟུང་འགྲོ་མི་ཐུབ་པའི་དཀའ་ངལ་ཁག་ཡོད་པའི་སྐོར་གསུངས། ཕྱོགས་མཚུངས་མཉམ་འབྲེལ་གྱི་ཚོགས་ཆེན་འབྱུང་རིམ་ལ་འགྲེལ་བརྗོད་གནང་སྟེ། ཐེངས་འདིའི་ཚོགས་ཆེན་ཐོག་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འདས་པའི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ་ཁག་སྙན་སྒྲོན་ཞུས་ཏེ། ཚོགས་བཅར་བ་རྣམས་ཀྱི་དོགས་འདྲི་ཁག་ལ་བགྲོ་གླེང་དང་། མ་འོངས་ལས་དོན་གནང་ཕྱོགས་བཅས་ཀྱི་ཐོག་གོ་བསྡུར་ལྷུག་པོ་གནང་རྒྱུ་ཡིིན་པ་གསུངས། མཐར་ཁོང་གིས་ནང་སྲིད་བཀའ་བློན་གཙོས་ནང་སྲིད་ཀྱི་འབྲེལ་ཡོད་ལས་བྱེད་དང་། མཉམ་འབྲེལ་རོགས་སྐྱོར་ཚན་པ་རྣམས་ལ་བཀའ་དྲིན་ཆེ་བཅས་ཞུས་གྲུབ་བསྟུན། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་མཉམ་འབྲེལ་ཆེས་མཐོའི་ཤེས་ཡོན་བྱ་དགའ་ཕྱི་ལོ་ ༢༠༢༦ ལོའི་རྒྱ་གར་རྒྱལས་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་བརྒྱ་ཆ་རྩེ་ཕུད་སོན་པའི་ཤེར་བདག་སློབ་མ་གཅིག་ལ་ཕྱག་འཁྱེར་དང་གཟེངས་རྟགས་མཇལ་དར་གནང་བ་དང་། དམིགས་བསལ་སྐུ་མགྲོན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་དྲ་ཚིགས་གསར་པ་དབུ་འབྱེད་གནང་། དེ་ནས་ནང་སྲིད་བཀའ་བློན་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་རྩིས་ལོ་ ༢༠༢༥་་་་༢༦ ལོ་གཙང་ཁེ་ནས་ཆ་ཤས་སྒོར་འབུམ་ ༤༥ སྒྲིག་གཞི་དང་གྲོས་ཆོད་དགོངས་དོན་བཞིན་ས་གནས་ཤེར་བདག་མཉམ་འབྲེལ་ཁག་ལ་མ་ཤེར་ཐོག་ཆ་བགོས་གནང་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་བླང་དོར་བཀའ་སློབ་གནང་ཡོད། དེ་ནས་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་འཚམས་འདྲི་དང་སྦྲགས། མཉམ་འབྲེལ་གྱི་ཚོགས་པ་དེ་ནི་ལོ་ངོ་ ༢༡ གོང་ནང་སྲིད་དང་ངོ་བོ་གཅིག་མཚུངས་ཐོག་གནས་ཡོད་པ་དང་། ད་ལྟའི་ཆར་དཔལ་འབྱོར་དང་འཛིན་སྐྱོང་གི་ཆ་ནས་ལོགས་སུ་ཡིན་མོད། དེ་སྔོན་ཕྱི་ལོ་ ༡༩༦༤ དང་ ༡༩༦༥ ཙམ་ལ་རྒྱ་གར་གཞུང་གི་ལམ་སྟོན་འོག་མཉམ་འབྲེལ་གསར་འཛུགས་དང་། སུད་སི་གཞུང་ཚུད་པའི་རྒྱལ་སྤྱིའི་རོགས་ཚོགས་ནས་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་འོག་ས་གནས་གཞིས་ཆགས་ཁག་གི་མཉམ་འབྲེལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐོག་ཞབས་ཕྱི་རླབས་ཆེ་སྒྲུབ་ཡོད་པ་ངོས་འཛིན་གནང་གི་ཡོད་ཅེས་གསུངས།དེ་བཞིན་སྤྱི་མཐུན་མཉམ་འབྲེལ་ཇི་ལྟར་གསར་འཛུགས་གནང་བའི་བརྒྱུད་རིམ་དང་དགོས་དམིགས་བཅས་ཀྱི་ཐོག་མདོར་བསྡུས་ཤིག་གསུང་བསྟུན། ཐེངས་འདིའི་སྤྱི་མཐུན་མཉམ་འབྲེལ་གྱིས་འདོན་སྤེལ་གནང་བའི་སྙན་ཐོ་འདིའི་ནང་འཁོད་པ་བཞིན་སྤྱི་མཐུན་མཉམ་འབྲེལ་ནས་ས་གནས་མཉམ་འབྲེལ་ཁག་ ༡༥ ལ་ཀ་རོར་ (crore) ༡༡ ལྷག་ཙམ་གྱི་མཐུན་རྐྱེན་སྦྱར་ཐུབ་པ་ནི་གཟི་བརྗིད་ཆེན་པོ་ཞིག་ཡིན་པ་དང་། འདིའི་ཉེར་ལེན་ལ་བརྟེན་ནས་མཉམ་འབྲེལ་ནང་གཞོན་སྐྱེས་མང་པོ་ཞིག་ལ་ལས་རིགས་མི་འདྲ་བ་མཁོ་སྤྲོད་དང་། ལྷག་པར་ལས་བྱེད་གསོ་སྐྱོང་ཐུབ་ཀྱི་ཡོད་པས་འདི་ནི་སྤྱི་མཐུན་མཉམ་འབྲེལ་གྱི་བྱས་རྗེས་ཤིག་དང་ཐོག་མ་ནང་སྲིད་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་དགོངས་གཞི་བཞིན་ལམ་ལྟོང་བྱུང་བ་ཞིག་ཏུ་མཐོང་གི་ཡོད་ནའང་། ས་གནས་མཉམ་འབྲེལ་འགའ་ཞིག་ཏུ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ལས་དོན་མ་བྱས་པའི་རྒྱུ་རྐྱེན་ཀྱིས་དཀའ་ངལ་འཕྲད་པ་རེ་བཟུང་ཡོང་གི་ཡོད་པས། གཙོ་བོ་ལས་བྱེད་རྣམས་ནས་སྤྱི་བའི་ལས་ལ་ལྷག་བསམ་རྣམ་དག་དང་། ལས་དོན་གང་ཞིག་ཡིན་རུང་དེར་འཐུས་ཤོར་མ་ཡོང་སླད་ཐག་གཅོད་མྱུར་པོ་གནང་དགོས་གལ། དེ་བཞིན་དེབ་སྐྱེལ་ཞུས་པའི་ཚོགས་པ་ཁག་གིས་རྒྱ་གར་གྱི་ཁྲིམས་དང་མ་འགལ་བར་ལས་དོན་གནང་དགོས་གལ། སྔར་འཕྲད་པའི་དཀའ་ངལ་དང་འཐུས་ཤོར་ཁག་ལ་དཔེར་བླངས་ནས་ལས་དོན་གནང་དགོས་པ་མ་ཟད། མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐོག་ནས་ཕྱི་གསལ་ནང་གསལ་བཅས་གནང་དགོས་པའི་ལམ་སྟོན་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་ཡོད།དེ་རྗེས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་ནས་སྐུ་མགྲོན་གཙོ་བོ་གཙོས་པས་གཞན་སྐུ་མགྲོན་རྣམས་པར་ཐུགས་རྗེ་ལེགས་འབུལ་གྱི་ཕྱགས་རྟགས་འབུལ་མཚམས། བོད་མིའ་ིསྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཞོན་རྣམ་རྒྱལ་འབྱོར་ལྡན་ལགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་རྐྱེན་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད། ཐེངས་འདིའི་མཉམ་འབྲེལ་གྱི་ཚོགས་ཆེན་དེ་བཞིན་ཕྱི་ཟླ་ ༨ ཚེས་ ༢༧ ནས་ ༣༠ དབར་ཚོགས་རྒྱུ་ཡིན་པ་བཅས། །

Original Article