བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་དབུ་འཛུགས་གནང་།

2 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༡ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་བཞུགས་སྒར་དྷ་ས་ཉེ་འཁྲིས་སུ་ཆགས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་དང་། ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་བསྟན་འཛིན་ལེགས་གྲུབ་ལགས། འབྲེལ་ཡོད་ལས་བྱེད། དེ་བཞིན་ཟབ་སྦྱོང་བ་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་ཡོད།དེ་རྗེས་ཟབ་སྦྱོང་བ་རྣམས་ནས་རེ་རེ་བཞིན་རང་ཉིད་ངོ་སྤྲོད་གནང་གྲུབ་བསྟུན། འདེམས་ལྷན་དྲུང་ཆེ་བསྟན་འཛིན་ལེགས་གྲུབ་ལགས་ཀྱིས་ཟབ་ཁྲིད་པ་རྣམས་ཀྱི་ངོ་སྤྲོད་དང་འབྲེལ། ཟབ་སྦྱོང་གི་སྒྲིག་གཞི་ཁག་ངོ་སྤྲོད་གནང་སྐབས་ཉེ་བའི་ཆར་བོད་མིའི་སྒྲིག་འཛུགས་ནས་སྦྱོང་བརྡར་སྤྲོད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནང་ཡོད་སྐོར་དང་། སྲིད་བྱུས་དེའི་ནང་སྲི་ཞུའི་ལས་བྱེད་རྣམས་ལ་ཐོག་མར་གསར་བསྐོའི་ཟབ་སྦྱོང་དང་། དེ་ནས་བར་མའི་ཟབ་སྦྱོང་། མཐོ་རིམ་གྱི་ཟབ་སྦྱོང་བཅས་ལས་བྱེད་ཀྱི་གནས་རིམ་ལ་གཞིགས་པའི་ཟབ་སྦྱོང་ཕུལ་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད། དེ་བཞིན་ཟབ་སྦྱོང་རིང་ཚོགས་བཅར་བ་རྣམས་ནས་དུས་ཚོད་སྟངས་འཛིན་གྱིས་རང་འགན་རང་འཁུར་ཡོང་པ་དང་ཆབས་ཅིག འཛེམས་ཟོན་མེད་པའི་ཐོག་ནས་ཆ་ཤས་བླངས་དགོས་པའི་སྐུལ་མ་གནང་།དེ་ནས་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་ཐོག་མར་འཚམས་འདྲི་དང་འབྲེལ་ཟབ་སྦྱོང་གི་དགོས་དམིགས་དང་གལ་གནད་སྐོར་གསུང་བཤད་གནང་། ཁོང་གིས་གསར་འདེམས་ལས་བྱེད་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་། སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་སྒྲིག་གཞི་གཞིར་བཟུང་བོད་དང་བོད་མིའི་འཐབ་རྩོད་ཆེད་དུ་ལས་འགན་སྒྲུབ་དགོས་གལ་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། མི་རབས་གོང་མ་རྣམས་ཀྱི་སྐུ་ལས་ལ་བརྟེན་བཙུགས་ཐུབ་པ་ཞིག་ཡིན་པས་དེ་མུ་མཐུད་གནས་པར་མི་རབས་གཞོན་པར་འགན་ཁུར་ཆེན་པོ་ཡོད་པ་ནན་བརྗོད་གནང་། དེ་མཚུངས་དེང་སང་གཞོན་སྐྱེས་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུའི་གོ་སྐབས་ལ་མགོ་མ་འཁོར་བར་སོ་སོར་བསྐོ་བཞག་གནང་བའི་ས་གནས་སུ་སོ་སོའི་འཇོན་ནུས་དཔག་པའི་ཞབས་ཞུ་ཧུར་ཐག་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་།མཐར་འདེམས་ལྷན་གྱི་ལས་བྱེད་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་མཇུག་བསྡོམས་གཏམ་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད།

ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༠༡ ནས་  ༡༩ བར་ཚོགས་རྒྱུ་ཡིན་པ་དང་། ཟབ་སྦྱོང་རིང་ལས་བྱེད་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ངོ་སྤྲོད། གཞུང་འབྲེལ་ཡིག་བཟོ། སཱི་ཤེས་ཡོན། དབུ་མའི་ལམ། བརྡ་སྤྲོད། རྒྱལ་རབས་ལོ་རྒྱུས་སོགས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་པ་བཅས།།

Original Article