བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

1 hour ago

དེ་རིང་གངས་ཅན་སྐྱིད་གཤོངས་ཀྱི་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་ཡོངས་ལྷན་འཛོམས་ཐོག་རྒྱ་གར་གྱི་རང་བཙན་ཐོབ་པའི་དུས་དྲན་ཐེངས་ ༨༠ པ་གཞུང་འབྲེལ་སྲུང་གཙི་གནང་སོང་།

སྐབས་དེར་སྲིད་སྐྱོང་སྤེན་་པ་ཚེ་རིང་མཆོག་གིས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད་ཚང་མ་འཛོམས་ནས་གངས་སྐྱིད་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་དང་རྒྱལ་གླུ་གྱེར་འདོན། མངར་ཟས་བཀྲམ་པ་སོགས་བྱེད་ཀྱི་ཡོད། དེ་རིང་གི་ཉིན་མོ་འདི་བརྒྱུད་ནས་ང་ཚོ་བོད་མི་ཚོར་རང་དབང་དང་རང་བཙན་མེད་པའི་རྣམ་པ་མཚོན་པ་དང་རང་དབང་རང་བཙན་དགོས་ཀྱི་ཡོད་པའི་འདོད་པ་རང་བཞིན་གྱིས་མཚོན་ཡོད། ད་ལྟ་ང་ཚོ་བོད་མི་རྣམས་རྒྱ་ནག་དམར་གཞུང་འོག་མྱངས་བསྡད་ཡོད་པའི་གནས་སྟངས་འདིའི་ཁྲོད། རྒྱ་གར་རང་བཙན་ཐོབ་ཡོད་པ་འདི་ནི་ང་ཚོ་བོད་ལ་འདི་འདྲ་བའི་གནས་སྟངས་ཤིག་ཡོང་ཐུབ་པའི་རེ་བ་བཅིང་སའི་གཞི་ཞིག་ཆགས་ཡོད། ད་ལྟ་རྒྱ་ནག་གི་བཙན་འཛུལ་འོག་ང་ཚོར་རང་དབང་མེད་པའི་གནས་སྟངས་ཤེས་བཞིན་ཡོད་མོད། རྒྱ་གར་གྱི་རང་བཙན་འཐབ་རྩོད་ཆེད་མི་རབས་མང་པོས་བློས་གཏོང་དང་དཀའ་ལས་བརྒྱབ་སྟེ་ལོ་ངོ་ཉིས་བརྒྱ་ལྷག་ཕྱིན་པ་རེད།

ང་ཚོ་བོད་པའི་སྤྱི་ཚོགས་ནང་དུའང་བློས་གཏོང་ཡོང་དང་ཡོང་བཞིན་པ་རེད། ཉེ་བའི་ཆར་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད། འཕྲལ་སེལ་གྱི་གྲུབ་འབྲས་འབྱུང་མིན་ལ་མ་ལྟོས་པར་ཕུགས་རྒྱང་རིང་བའི་ལོ་རྒྱུས་དེབ་ཐེར་ནང་ལྷག་གི་ཡོད་པའི་ཁར། ནུས་པ་འཐོན་པ་ཞིག་རང་བཞིན་གྱིས་ཆགས་ཡོང་གི་རེད། རྒྱ་གར་གྱིས་ད་ལྟ་རང་དབང་ཡོད་པ་དེ་སྲུང་སྐྱོབ་བྱེད་དགོས་པ་དང་རང་དབང་ཡོད་པ་ནང་བཞིན་གྱིས་བེད་སྤྱོད་གཏོང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོ་བོད་མིར་རང་དབང་མེད་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་། རྒྱ་གར་མི་མང་ལ་ཁྱེད་རང་ཚོར་རང་དབང་ཡོད་པ་དེ་མུ་མཐུད་ཡག་པོ་བྱས་ནས་ལོངས་སུ་སྤྱོད་རོགས་ཞུ་རྒྱུ་ཡིན། ང་ཚོས་ད་དུང་ཡིན་ཡང་འཐབ་རྩོད་བྱས་བསྡད་ཡོད་པས་དེ་ལ་རྒྱབ་སྐྱོར་གནང་རོགས་ཞུ། ཞེས་གསུངས་སོང་།

བོད་ནང་རང་དབང་རང་བཙན་མེད་པའི་དཀའ་ངལ་མུ་མཐུད་འཕྲད་ཀྱིན་ཡོད་སྟབས་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། ད་ལྟའི་རྒྱ་ནག་གཞུང་གི་བྱེད་སྟངས་ལ་བལྟས་བསྡད་ན། མི་རིགས་ཚང་མའི་ངོ་བོ་རྩ་མེད་གཏོང་བའི་སྲིད་ཇུས་མ་གཏོགས་འགྲེལ་བཤད་རྒྱག་ས་མེད་པའི་བཟོ་འདུག ཁོ་ཚོའི་བསམ་བློའི་ནང་༧རྒྱལ་བ་རིན་པོ་ཆེ་མ་བཞུགས་ཚེ། རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་རང་བཞིན་གྱིས་བརླག་འགྲོ་བ་དང་བོད་ནང་ར་ཀོག་བཞིན་བསྡམས་ཐུབ་ཀྱི་ཡོད་བསམས་ནས་ད་ལྟ་ཡིན་ཡང་ཡིད་ཆེས་བྱས་ནས་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་ཇི་ཙམ་དྲག་གནོན་བྱས་ན་དེ་ཙམ་གྱིས་མི་མང་གི་སེམས་ཁམས་ལ་རྨ་ཁ་བཟོ་ཡི་ཡོད། དེ་ནི་སྐད་ཅིག་ཙམ་ལ་ཡལ་མི་སྲིད། འཇམ་པོ་དང་བྱམས་དང་བརྩེ་བའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་བྱས་པ་ཡིན་ན། དཀའ་ངལ་ག་འདྲ་ཞིག་ཡིན་ཡང་སྤྱི་ཚོགས་རྒྱུན་གནས་ཐུབ་ཀྱི་ཡོད།

ད་ལྟའི་བྱེད་སྟངས་ནི་བཙན་བཀའ་དང་དབང་ཡོད་བྱས་ནས་འགྲོ་བཞིན་ཡོད། ད་ལྟའི་ཆར་མི་མང་ལ་དྲག་པོའི་གདོང་ལེན་བྱེད་པའི་གནས་བབ་མིན་འདུག་བསམས་ནས་ར་ཀོག་བཞིན་མར་མནན་བསྡད་པ་ཡིན་ན། ལོ་ནས་ལོ་བསྟུད་པའི་འཛམ་གླིང་རྒྱལ་ཁབ་མང་པོ་ནས་དཔེ་ལེན་ས་ཡོད། གལ་སྲིད་མི་མང་དེ་སོ་སོའི་མིར་བརྩི་ཡི་ཡོད་ཚེ། དེར་བདག་པོ་ཚད་ལྡན་རྒྱག་རྒྱུ་གལ་ཆེན་པོ་རེད། རྒྱལ་ཁབ་ཅིག་ལ་རིག་གཞུང་སྣ་ཚོགས་ཡོང་གི་ཡོད་པས། ང་ཚོས་ང་ཚོར་དཔལ་ཡོན་དང་ལོ་རྒྱུས། སྐད་ཡིག ཆོས་དང་རིག་གཞུང་སོགས་འཛམ་གླིང་ནང་གཞན་དང་མི་འདྲ་བ་ཡོད་པས། ང་ཚོ་རྒྱ་ནག་གི་ཆ་ཤས་མིན་ཟེར་གྱི་ཡོད། གལ་སྲིད་བོད་དེ་རྒྱ་ནག་གི་ཆ་ཤས་སུ་བརྩི་ཡི་ཡོད་ཚེ། དེ་དག་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། རྒྱ་སྐྱེད་རིང་ལུགས་པའི་དབང་སྒྱུར་བྱེད་སར་གཉའ་གནོན་བཤུ་གཞོག་གིས་ཐོན་ཁུངས་གཏོར་བ་དང་བཅོམ་པ། འཕྲོག་པ་ལྟ་བུ་ད་ལྟ་རྒྱ་ནག་གིས་གཅིག་མཚུངས་བྱེད་བཞིན་འདུག ༧རྒྱལ་བ་རིན་པོ་ཆེས་གཉིས་ཕན་དང་མཉམ་གནས་ཡོང་བར་དགོངས་པ་རྒྱ་ཆེན་པོ་བཞེས་ཀྱི་ཡོད། ཁ་ཕྱོགས་དེ་འདྲ་ཞིག་ལ་འགྲོ་ཐུབ་པ་ཡིན་ན། ཚང་མར་བདེ་སྐྱིད་བསྐྲུན་ཐུབ་ཀྱི་ཡོད། རྒྱ་ནག་ངོས་ནས་དེར་བསམ་བློ་གཏོང་དགོས་ཀྱི་ཡོད། ཅེས་གསུངས་སོང་། 

སྤྱིར་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་སྲུང་གཙི་བྱེད་ཕྱོགས་དེ། ཕྱི་ལོ་ ༡༩༣༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་གྲོས་ཚོགས་ལ་རང་སྐྱོང་གི་བདག་དབང་ཐོབ་པ་ནས་བྱུང་ཞིང་། དེ་ནས་བཟུང་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་པའི་ཉིན་མོར་སྲུང་གཙི་ཞུ་མུས་ཡིན། ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་དབྱིན་ཇིའི་རྒྱལ་པོ་དྲུག་པ་ཇོར་གྷེ་ (George VI) ཡིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་རང་བཙན་གྱི་བདག་དབང་རྩིས་སྤྲོད་བྱས་པ་བཟུང་རྒྱ་གར་གྱིས་ལོ་ལྟར་ཟླ་ ༨ ཚེས་ ༡༥ ཉིན་རང་བཙན་ཐོབ་པའི་ཉིན་མོར་སྲུང་གཙི་བྱེད་བཞིན་ཡོད། 

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་།  appeared first on བོད་ཀྱི་དུས་བབ།.

Original Article