བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

6 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༡༥ ཉིན་རྒྱ་གར་ལ་རང་བཙན་ཐོབ་སྟེ་ལོ་ངོ་ ༨༠ ཧྲིལ་པོ་འཁོར་བའི་དུས་ཆེན་རྒྱ་གར་རྒྱལ་ཡོངས་སུ་དགའ་སྤྲོའི་ངང་སྲུང་བརྩི་ཞུ་གི་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་རྒྱ་གར་གཞུང་དམངས་གཉིས་ལ་ཆེ་མཐོང་གུས་བརྩི་མཚོན་ཕྱིར་གངས་སྐྱིད་སྲི་ཟློག་མཆོད་རྟེན་མདུན་ཐང་དུ་སྔ་དྲོ་ཆུ་ཚོད་ ༩:༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱི་ཐོག་མར་རྒྱ་གར་གྱི་རྒྱལ་གླུ་དང་བཅས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་དང་། དེ་བཞིན་གསར་འགོད་པའི་བཅར་འདྲིར་ཞལ་བཞེས་ཀྱིས་རྒྱ་གར་རང་བཙན་ཉིན་མོར་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་དང་། ད་བར་བོད་མི་རྣམས་ལ་རྒྱབ་སྐྱོར་ཕན་གྲོགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལས་བྱེད་བཅས་ཚང་འཛོམས་ཐོག་གངས་སྐྱིད་སྲི་ཟློག་མཆོད་རྟེན་མདུན་ཐང་དུ་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་དང་། རྒྱལ་གླུ་གྱེར་འདོན། མངར་ཟས་བགོ་འགྲེམས་སོགས་དགའ་སྤྲོའི་ངང་སྲུང་བརྩི་ཞུ་གི་ཡོད།

ཉིན་མོ་འདི་བརྒྱུད་ང་ཚོ་བོད་མི་ཚོར་རང་དབང་མེད་པའི་རྣམ་པ་མཚོན་གྱི་ཡོད་པ་མ་ཟད། ང་ཚོ་བོད་མི་ཚོར་རང་དབང་ཀྱི་འདོད་པ་ཡོད་པ་རང་བཞིན་གྱིས་མཚོན་ཡོད། ད་ལྟ་ང་ཚོ་བོད་མི་རྣམས་རྒྱ་ནག་དམར་གཞུང་འོག་སྡུག་སྦྱོང་མྱོང་བཞིན་པའི་གནས་སྟངས་འདིའི་ཁྲོད། རྒྱ་གར་རང་བཙན་ཐོབ་ཡོད་པ་འདི་ནི་ང་ཚོ་བོད་ལ་འདི་འདྲ་བའི་གནས་སྟངས་ཤིག་ཡོང་ཐུབ་པའི་རེ་བ་འཆང་སའི་གཞི་ཞིག་ཆགས་ཡོད། དེར་བརྟེན་རྒྱ་ནག་གི་བཙན་འཛུལ་འོག་ང་ཚོར་རང་དབང་མེད་པའི་གནས་སྟངས་ཤེས་བཞིན་ཡོད་ཀྱང་། རྒྱ་གར་གྱི་རང་བཙན་འཐབ་རྩོད་ཆེད་མི་རབས་མང་པོས་བློས་གཏོང་དང་དཀའ་ལས་བརྒྱབ་ཡོད། ང་ཚོ་བོད་པའི་སྤྱི་ཚོགས་ནང་དུའང་བློས་གཏོང་ཡོང་དང་ཡོང་བཞིན་ཡོད། ཉེ་བའི་ཆར་རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་སྲེག་གནང་ཡོད། འཕྲལ་དུ་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་ཕུགས་རྒྱང་རིང་པོའི་ལོ་རྒྱུས་དེབ་ཐེར་ནང་ལྷག་པ་དང་། ནུས་པ་འཐོན་པ་ཞིག་རང་བཞིན་གྱིས་ཆགས་ཡོང་གི་རེད།

རྒྱ་གར་གྱིས་ད་ལྟ་རང་དབང་ཡོད་པ་དེ་སྲུང་སྐྱོབ་བྱེད་དགོས་པ་དང་། རང་དབང་ཡོད་པ་ནང་བཞིན་བེད་སྤྱོད་གཏོང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོ་བོད་མིར་རང་དབང་མེད་པ་ང་ཚོས་ཤེས་ཀྱི་ཡོད། རྒྱ་གར་མི་མང་ལ་ཁྱེད་རང་ཚོར་རང་དབང་ཡོད་པ་དེ་མུ་མཐུད་ཡག་པོ་བྱས་ནས་ལོངས་སུ་སྤྱོད་རོགས། ང་ཚོས་ད་དུང་ཡིན་ཡང་འཐབ་རྩོད་བྱེད་བཞིན་ཡོད་པས་དེ་ལ་རྒྱབ་སྐྱོར་གནང་རོགས། ཞེས་སོགས་གསུངས་སོང་།

རྒྱལ་དར་སྒྲེང་འཛུགས་ཀྱི་ལས་རིམ་གྲུབ་རྗེས་དུ་མཛད་གཙོ་རྣམ་པ་གཙོས་པའི་སྲི་ཞུའི་ལས་བྱེད་རྣམས་ནས་གསོལ་ཇ་དང་མངར་ཟས་ལ་རོལ་ཏེ་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་བཅས།།

Original Article