བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཚོགས་འདུ་ཐེངས་ཉེར་བཞི་པ་བརྒྱུད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས་འདུག
ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཚོགས་འདུ་ཐེངས་ཉེར་བཞི་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་དུ་འདེམས་ཐོན་བྱུང་བའི་ལང་ཧྥུ་ཁོན་(郎福宽) ཟེར་བའི་གོ་གནས་ཕྱིར་བསྡུ་བྱས་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་བ་ལས། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཁོའི་སྐོར་གྱི་གནས་ཚུལ་གནང་ཡང་སྤེལ་མེད་པ་རེད།
ཕྱི་ལོ་ ༢༠༡༢ ཙམ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཅན་དང་། བཙན་བཟུང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་ཇུས་འོག་ནས། ཞིབ་བཤེར་དང་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱིན་ཡོད་པ་ལྟར། ད་ལན་ཁོའི་གོ་གནས་གློ་བུར་དུ་ཕྱིར་བསྡུ་བྱ་དགོས་དོན་སོགས་ཀྱི་ཐད་ལ་གསལ་བཤད་གང་ཡང་བྱས་མེད་སྟབས། དངོས་ཡོད་ཀྱི་གནས་སྟངས་ཤེས་རྟོགས་འབྱུང་གི་མེད་ལ། ལྷག་པར་རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལྟ་བུ་གྱུར་བའི་ཤིན་ཧྭ་གསར་ཁང་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་གཞུང་འབྲེལ་དྲ་ལམ་སོགས་སུའང་ཁོང་དང་འབྲེལ་བའི་གནས་ཚུལ་གང་ཡང་ཁྱབ་སྤེལ་བྱས་མེད་པར་རེད། རྒྱ་ནག་གི་སྟག་དང་སྦྲང་མ་ལེབ་རྡུང་བྱས་པའི་འགུལ་སྐྱོད་ཆེན་མོ་དེ་ནི་ཞི་ཅིན་ཕིན་གྱི་ཆབ་སྲིད་ཤོག་ཁག་གི་དབང་ཆ་བརྟན་སྲུང་གི་གཡུལ་འགྱེད་ཆེན་མོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། དབུས་གཞུང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བ། རྒྱལ་ཁབ་ལ་བློ་མི་དཀར་བ། དྲིན་ལན་ལོག་འཇལ། དད་སེམས་ཉམས་པ། ཕུགས་འདུན་བརླག་པ་སོགས་ཀྱི་ཉེས་མིང་ཚུད་ཡོད་པ་མ་ཟད། ལྐོག་རྔན་བླངས་བ་དང་ལྐོག་ཟ་རུལ་སུངས་བྱས་པ། སྤྱི་ཚོགས་བརྟན་ལྷིངས་ལ་གནོད་སྐྱོན་བཟོས་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པ་ཟེར་བའི་ཉེས་མིང་དེ་དག་དམར་ཤོག་གི་ལྟ་བར་འདོད་མོས་མེད་མཁན་གྱི་ཤེས་ཡོན་པའི་སྡེ་དང་ཁོར་ཡུག་སྲུང་སྐྱོབ་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ལ་མང་དུ་གཡོགས་ཏེ་ཚར་གཅོད་བྱས་དང་བྱེད་མུས་ཡིན།
ལང་ཧྥུ་ཁོན་ནི་ཕྱི་ལོ་ ༡༩༦༦ ཟླ་ ༢ པར་སྐྱེས། ཁོ་ནི་དཔལ་འབྱོར་རིག་པའི་འབུམ་རམས་པ་པ་ཞིག་ཡིན་ཞིང་། དམར་ཤོག་ཚོགས་པའི་ཚོགས་མི་དང་། ད་ལྟ་ཁོང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་མི་དང་ཚོགས་གཙོ་གཞོན་པ་ཟུར་བ་དང་། དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་། འགན་འཛིན་དང་དམར་ཤོག་ཚོགས་པའི་དྲུང་ཆེ་གཅིག་ལྕོགས་ཡིན་འདུག་ལ། ཕྱི་ལོ་ ༢༠༢༢ ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་མི་དང་ཚོགས་གཞོན་དུ་བསྐོ་བཞག་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་ནོར་སྲིད་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་འགན་ཁུར། ཕྱི་ལོ་ ༢༠༢༣ ལོར་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་འཐུས་མིར་བདམས། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་མི་ཡང་ཡིན་འདུག
ཉེ་ལམ་དཀར་མཛེས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཟེར་བའི་ཞིབ་དཔྱོད་བརྒྱུད། དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་གིས། རྒྱ་ནག་དམར་ཤོག་ཚོགས་པར་བཟུང་བའི་བསམ་འདུན་ཉམས་པ་དང་། ཁྲིམས་ལུགས་འགལ་བ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་རྗེས་སུ་དམར་ཤོག་ལ་བཟུང་བའི་ཀུན་སློང་གཙང་མ་མིན་ལུགས་སོགས་བཤད་ནས། ཁོང་གི་རྒྱུ་དངོས་གཞུང་བཞེས་དང་ཏང་གི་སྐྱིད་སྡུག་ཟེར་བ་ནས་ཕྱིར་ཕུད་བྱས་ཏེ་ཞིབ་བཤེར་བྱེད་མུས་ཡིན་འདུག
གསར་འགོད་པ། དཔལ་ལྡན།
The post བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས། appeared first on བོད་ཀྱི་དུས་བབ།.





