མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ བསྐོང་ཚོགས་གནང་བ།

2 hours ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༦ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ ཐོག་ཕེབས་ཞུགས་གནང་ཡོད།

ཕྱི་ཚེས་ ༡༦ ཉིན་རྒྱབ་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེང་དུས་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་བཅས་མ་སུ་རི་སཾ་བྷོ་ཊ་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་དང་། རེག་ཊར། དེ་བཞིན་དགེ་རྒན་ལས་བྱེད་བཅས་ནས་ཕེབས་བསུ་ཞུས་གྲུབ་བསྟུན་འཛིན་ཁང་དང་སྡེ་ཚན་ཁག་ཏུ་གཟིགས་ཞིབ་དང་། སློབ་ཕྲུག་ལྷན་བཀའ་མོལ་གནང་ཡོད། དེ་རྗེས་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ལྷན་ཚོགས་འདུ་ཞིག་ཚོགས་ཡོད།ཕྱི་ཚེས་ ༡༧ ཉིན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ལོ་འཁོར་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐོག་ཆེད་ཕེབས་གནང་ཡོད། སྐབས་དེར་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་མིག་དམར་ཚེ་རིང་ལགས་དང་། སློབ་གྲྭའི་སློབ་སྤྱི་ཆོས་སྒྲོན་ལགས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས་ཡོད། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་སློབ་ཕྲུག་ཚོར་རྩེད་འགྲན་ནང་རྒྱལ་ཁ་ཐོབ་རྒྱུ་ལས་མཉམ་ཞུགས་བྱ་རྒྱུ་གལ་འགངས་ཆེ་བ་ཡིན་ཚུལ་དང་། རྩེད་འགྲན་དེའི་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་དང་ཆབས་ཅིག རྩེད་རིགས་རྣམས་རྩེད་འགྲན་ཉིན་མོ་ཙམ་ཡིན་པར་ཉིན་རེའི་འཚོ་བའི་ནས་ལུས་སེམས་བདེ་ཐང་ཆེད་རྩེད་དགོས་པའི་སྐུལ་མ་གནང་།ཕྱི་ཚེས་ ༡༨ ཉིན་མ་སུ་རི་སཾ་བྷོ་ཊ་སློབ་གྲྭའི་རྩེད་འགྲན་ཉིན་མོའི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོར་ཆེད་ཕེབས་གནང་བ་དང་། མ་སུ་རི་བོད་ཁྱིམ་གྱི་ཁར་དབང་དང་སཾ་བྷོ་ཊ་སློབ་གྲྭའི་སློབ་གླིང་བཅས་ལ་གཟིགས་སྐོར་གནང་ཡོད།

ཕྱི་ཚེས་ ༡༩ ཉིན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་མ་སུ་རི་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གནང་སྐབས་སློབ་གྲྭའི་སློབ་སྤྱི་དང་། དགེ་ཆེ། ཤེས་ཡོན་འགན་འཛིན་བཅས་ནས་ཕེབས་བསུ་ཞུས་ཡོད། དེ་རྗེས་བཀའ་བློན་མཆོག་གིས་གསུང་བཤད་གནང་ཡོད་ཅིང་། ཁོང་གིས་སློབ་ཕྲུག་ཚོར་བོད་དོན་ཐབས་རྩོད་ཐོག་ལས་འགན་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲ་བརྟན་གཏོང་རྒྱུར་འབད་བརྩོན་གནང་དགོས་པའི་ནན་སྐུལ་གནང་གྲུབ་མཐར་འཛིན་ཁང་དང་སྡེ་ཚན་ཁག་ཏུ་གཟིགས་ཞིབ་གནང་ཡོད།དེ་ནས་སློབ་གྲྭའི་དགེ་ལས་དང་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་བཀའ་བློན་མཆོག་གིས་དགེ་ལས་ཚོས་སློབ་གྲྭའི་ཁོར་ཡུག་དང་སློབ་ཕྲུག་བཅས་ལ་བདག་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག སློབ་ཕྲུག་དང་དགེ་རྒན་བར་གྱི་འབྲེལ་ལམ་བཟང་པོ་དེར་བསྔགས་བརྗོད་གནང་ཡོད། དེ་བཞིན་ཁོང་གིས་དགེ་རྒན་ནི་བོད་དོན་ཐབས་རྩོད་དང་། ཕྲུ་གུའི་མ་འོངས་མདུན་ལམ་ཆེད་གལ་ཆེན་པོ་ཡིན་སྐོར་དང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་རྩ་འཛིན་བཞིའི་གལ་གནད་སྐོར་འགྲེལ་བརྗོད་གནང་།

ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོར་ཤེས་རིག་བཀའ་བློན་མཆོག་བདེ་སྐྱིད་གླིང་དང་། རཱཇ་པུར། གོ་ར་མ་ཕི་བཅས་སུ་གཟིགས་སྐོར་དུ་ཕེབས་ཐོན་གནང་ཡོད་པ་བཅས།།

 

 

 

Original Article