བཞུགས་སྒར་དྷ་སར་ཉིན་གྲངས་གསུམ་རིང་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པ་ཞིག་འཚོག་གིན་འདུག
དེ་རིང་ཕྱི་ཟླ་ ༨ ཚེས་ ༣༡ ནས་ཟླ ༩ ཚེས་ ༢ བར་ཉིན་གྲངས་གསུམ་རིང་དྷ་སའི་ཉེ་འདབས་སུ་ཆགས་པའི་དྷོ་ལ་དྷར་གསོལ་མགྲོན་ཁང་( Dhauladhar Heights Resort) གི་ཚོགས་ཁང་དུ། བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱི་གོ་སྒྲིག་འོག་མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་དབུ་འཛུགས་གནང་འདུག གླེང་སྟེགས་དེའི་ཐོག་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། བོད་དང་འབྲེལ་བའི་སྲིད་བྱུས་ཐོག་བགྲོ་གླེང་གནང་གི་ཡོད་འདུག
དེ་རིང་གི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས། བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨོ་གླིང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་གཙོས། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་ཤེས་ཡོན་ཅན་དང་། ལས་འགུལ་མགོ་ཁྲིད་པ། མང་གཙོའི་སྤྱི་ཚོགས་ཀྱི་ལས་འགུལ་བ། ཆེད་ལས་མི་སྣ་སོགས་ཁྱོན་སྡོམ་ཚོགས་ཞུགས་པ་ ༢༨ ལྷན་འཛོམས་གནང་འདུག
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་རང་བཞིན་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་གནད་དོན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་ངོ་སྤྲོད་གནང་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས། appeared first on བོད་ཀྱི་དུས་བབ།.





