ཝཱ་ར་ཎ་སིར་རྒྱལ་ཡོངས་རིས་མེད་མཁས་པའི་རྒྱུད་བླ་མའི་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་པ།

4 hours ago

ཁ་སང་ཕྱི་ཟླ་ ༡༡ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཡོང་རྒྱུའི་ཕྱི་ཚེས་ ༥ བར་ཉིན་གྲངས་ལྔའི་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་རྒྱལ་ཡོངས་རིས་མེད་མཁས་པའི་རྒྱུད་བླ་མའི་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་པ་དང་།  ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་གནང་འདུག ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་འདི་བཞིན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།  བགྲོ་གླེང་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་དབུས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་དང་།  འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་།  དཔལ་སྤུངས་ཤེས་རབ་གླིང་།  གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་།  རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས།  འབོ་དཀར་ངེས་དོན་ཆོས་འཁོར་གླིང་།  ཇོ་ནང་སྦྱོར་དྲུག་ཆོས་འཁོར་གླིང་།   བཙུན་དགོན་སྒྲོལ་མ་གླིང་།  ལ་དྭགས་དབུས་གཞུང་ནང་པའི་གཙུག་ལག་སློབ་གཉེར་ཁང་།  དཱ་ཧུང་ཧི་མ་ལ་ཡའི་ལེགས་སྦྱང་མཐོ་སློབ་ཁང་།  ན་ལེན་ཌའི་གཙུག་ལག་སློབ་གཉེར་ཁང་བཅས་ནས་ཕེབས་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་མཁས་དབང་དང་དགེ་བའི་བཤེས་གཉེན་རྣམ་པ།  དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དང་རིགས་དྲུང་གཙོས་པའི་སྡེ་ཚན་སོ་སོའི་འགན་འཛིན་དང་ལས་བྱེད་སློབ་ཕྲུག་བཅས་མི་གྲངས་ ༢༠༠ ཙམ་ནས་མཉམ་ཞུགས་གནང་འདུག སྐབས་དེར་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་འདི་བཞིན་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་དང་པོ་སྐོར་སའི་ཡུལ་ཝཱ་ར་ཎ་སིར་འཚོགས་པའི་ཆ་ནས་གནས་ཁྱད་པར་ཅན་དང་།  བགྲོ་གླེང་དེ་ཡང་ལྷ་བབས་དུས་ཆེན་གྱི་དུས་ཚིགས་དང་བསྟུན་ནས་དབུ་འཛུགས་གནང་བར་དུས་ཁྱད་པར་ཅན་ཡིན་པ།  དེ་བཞིན་བྱམས་ཆོས་སྡེ་ལྔའི་ནང་ཚན་ཁོངས་སུ་གཏོགས་པའི་རྒྱུད་བླ་མ་བརྗོད་གཞིར་བཟུང་བའི་ཆ་ནས་གཞུང་ཁྱད་པར་ཅན་དང་།   རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ནས་ཕེབས་པའི་མཁས་པ་འདུ་འཛོམས་ཀྱིས་བགྲོ་གླེང་གནང་གི་ཡོད་པར་གང་ཟག་ཁྱད་པར་ཅན་ཡིན་པར།  འདི་ལྟ་བུའི་ཚོགས་ཆེན་ཐོག་བཅར་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཅེས་གསུངས་ཏེ།  རྒྱུད་བླ་མའི་གཞུང་ཆེན་དང་བྱམས་ཆོས་སྡེ་ལྔའི་སྐོར་གྱི་གནད་འགག་ཁག་གཅིག་ངོ་སྤྲོད་ཀྱིས་དེ་འབྲེལ་ཞིབ་འཇུག་དགོས་ངེས་ཀྱི་གནད་དོན་མངོན་གསལ་དང་འབྲེལ།  བགྲོ་གླེང་ཚོགས་འདུ་ཞེས་པའི་ལམ་སྲོལ་དེ་སྤྱིར་བཏང་ནུབ་ཕྱོགས་རྒྱལ་ཁབ་ནས་ལས་ཟློས་བྱེད་པའི་གཟིགས་ཚུལ་ཡོད་སྲིད་ཀྱང་།  དེའི་ཐོག་མའི་ལམ་སྲོལ་དེ་ནང་པའི་སྤྱི་ཚོགས་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་ནས་བྱུང་བ་ཞིག་ཡིན་པ་གསུངས་འདུག   འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་དབང་གྲགས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས།  ཐེངས་འདིའི་བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་གནང་དགོས་པའི་རྒྱུ་མཚན་དང་།  དེ་བཞིན་རྒྱུད་བླ་མའི་གཞུང་ཆེན་ཐོག་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་འཚོགས་དགོས་པའི་གལ་གནད་ངོ་སྤྲོད་གནང་བ་མ་ཟད།  འདི་ལྟ་བུའི་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོས་པའི་བགྲོ་གླེང་ཁྲོད་ནང་གསེས་ཀྱི་བརྗོད་གཞི་ཁག་བཅས་ཀྱི་སྐོར་ངོ་སྤྲོད་གནང་སོང་།  རྩ་བའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་དང་རང་གཞུང་སྡེ་ཚན་སོ་སོ་ནས་གཞུང་ཆེན་རིམ་པའི་ཐོག་བགྲོ་གླེང་ཚོགས་འདུ་ཕལ་མོ་ཆེ་སྐོང་འཚོགས་གནང་ཡོད་པ་དང་།   དཔེ་མཚོན་དུ་རྒྱ་གཞུང་སྡེ་ཚན་ངོས་ནས་འདས་པའི་ཕྱི་ལོ་ ༢༠༠༩ ལོར་དབུ་མའི་ལྟ་གྲུབ་སྐོར་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པ།  དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་སེམས་ཙམ་པའི་ལྟ་གྲུབ་སྐོར་དང་།  ༢༠༡༦ ལོར་ཚད་མའི་ལྟ་གྲུབ་སྐོར།  མ་ཟད་ ༢༠༢༡ ལོར་མངོན་པའི་ལྟ་གྲུབ་སྐོར་དང་།  སྔ་ལོ་ ༢༠༢༥ ལོར་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གི་དགོངས་གཞི་ལྟར་ཤེར་ཕྱིན་སྐོར་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་རེད།  

The post ཝཱ་ར་ཎ་སིར་རྒྱལ་ཡོངས་རིས་མེད་མཁས་པའི་རྒྱུད་བླ་མའི་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་པ། appeared first on vot.

Original Article