ཟམ་གདོང་རིན་པོ་ཆེ་མཆོག་ནི་ངེས་པ་དོན་གྱི་དཔའ་བོ་རེད།

1 hour ago

དེ་རིང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་འཁྲུངས་སྐར་དང་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་གཙི་ཞུས་སོང་།

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ནས་ ༩ བར་འཚོགས་པའི་བོད་མིའི་ཤེས་ཡོན་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་ལོ་རེའི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་བོད་ཀྱི་དགེ་རྒན་ཉིན་མོར་སྲུང་གཙི་བྱ་རྒྱུ་གཏན་འཁེལ་བྱུང་བ་བཞིན། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས། ༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་བསོད་ནམས་དཔལ་ལྡན་ལགས། ཡིད་ཆེས་དགེ་རྩའི་ཚོགས་གཙོ་རབ་གསལ་ལགས་དང་ཚོགས་མི་ཕུན་ཚོགས་ལགས། དེ་བཞིན་གཞུང་འབྲེལ་མིན་ཚོགས་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་ཚོགས་མི། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་དགེ་རྒན་རྣམ་པ་དང་ལས་བྱེད་བཅས་འཛོམས་འདུག

མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་མཆོག་གིས་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་ཨ་རིའི་ཏུན་ལེན་གཙུག་ལག་སློབ་གཉེར་ཁང་ཟུང་འབྲེལ་ཐོག་དཔར་སྐྲུན་ཞུས་པའི་ཕྱི་ལོ་ ༢༠༡༣ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་སློབ་ཆེན་དེར་ཕེབས་སྐབས་ཀྱི་བཀའ་སློབ་ཕྱོགས་སྒྲིག་གི་སྙིང་རྗེ་དང་འབྲེལ་བ་ཞེས་པའི་ཕྱག་དེབ་ཅིག་དབུ་འབྱེ་དང་། ཟམ་གདོང་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཁོ་ནར་སློབ་གཉེར་གནང་མཁན་འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་ཀྱི་སྐབས་བཅུ་བའི་སློབ་ཐོན་བསྟན་འཛིན་ཐུབ་བསྟན་ལགས་དང་ཚེ་དཔག་རྡོ་རྗེ་ལགས། བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་རམས་འབྱམས་པའི་སློབ་ཐོན་བསྟན་འཛིན་དབང་མོ་ལགས་དང་གཙུག་ལག་རམས་འབྱམས་པའི་སློབ་ཐོན་བརྩོན་འགྲུས་རྒྱ་མཚོ་ལགས། ཝྭ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨཅརྱ་སློབ་ཐོན་སྒྲོལ་མ་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་རམས་འབྱམས་པའི་སློབ་ཐོན་དབང་ལྡན་མཚོ་ལགས་དང་འོད་ཟེར་སྐྱིད་ལགས། པདྨ་བཟང་མོ་ལགས་བཅས་ལ་ལེགས་སྐྱེས་སློབ་ཡོན་ཕུལ་སོང་།

ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་བསོད་ནམས་དཔལ་ལྡན་ལགས་ཀྱིས། འདི་ག་ཚོགས་པ་ནས་རིན་པོ་ཆེའི་འཁྲུགས་སྐར་སྲུང་གཙི་ཞུ་དོན་ནི་ཚང་མས་མཁྱེན་གསལ་ལྟར། རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་པོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་།  ནང་ཆོས། ཤེས་ཡོན་སློབ་གསོ། དེ་བཞིན་བོད་ཀྱི་རྩ་དོན་ཐོག་དཀའ་སྤྱད་འབད་བརྩོན་གྱིས་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་ལ། ལྷག་པར་རིན་པོ་ཆེ་མཆོག་ནས་གཞི་རིམ་སློབ་ཁག་གི་བོད་དགེ་དང༌། ཆོས་དགེ སློབ་སྤྱི། དེ་བཞིན་མཐོ་སློབ་ཀྱི་སློབ་སྤྱི་དང༌། ངེས་སྟོན་པ་བཅས་ལོ་ངོ་ ༤༠ ལྷག་གི་རིང་ཤེས་ཡོན་ཐོག་མཛད་ཁུར་བཞེས་པ་དང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་བཟོ་འགོད་ཐད་རླབས་ཆེན་གྱི་ཕྱག་རྗེས་འཇོག་གནང་མཛད་ཡོད། དེར་བརྟེན་འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་བོད་ཀྱི་རིག་གཞུང་དང་ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་འོག་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཙམ་མ་ཡིན་པར། རིན་པོ་ཆེའི་གསུང་བཤད་བཀའ་སློབ་དང༌། མདོ་སྔགས་ཀྱི་གཞུང་ཚན་དུ་མའི་དབང་ལུང་འཆད་ཁྲིད་དང་། གསུང་རྩོམ་སོགས་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་བྱེད་བཞིན་ཡོད་ལ། རིན་པོ་ཆེའི་མཚན་ཐོག་ནས་བོད་ཀྱི་སྐད་ཡིགདང་རིག་གཞུང་ཁོ་ནར་སློབ་གཉེར་གནང་མཁན་གྱི་སློབ་ཐོན་སློབ་མ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་སློབ་ཡོན་འབུལ་གྱི་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དབུ་བརྙེས་པ་ནས་ད་བར་ཐབ་ཆུང་ཆུང་དང་མེ་ཚ་པོ་ཟེར་བའི་དཔེ་བཞིན་གཟེངས་སུ་ཐོན་པའི་སྤྱི་ཚོགས་ལས་དོན་མང་པོ་བསྒྲུབས་དང་སྒྲུབ་མུས་ཡིན་པར་རྗེས་སུ་ཡི་རངས་ཡོད།  ༧སྐྱབས་མགོན་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེའི་དགོངས་གཞི་སྒྲུབ་པར་འདི་ལས་ལྷག་མེད། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ལ་སྐུ་སྒེར་གྱི་ལས་དོན་གང་ཡང་མེད། ཁོང་རྣམ་པའི་དགོངས་པར་ཡོད་པ་གཙོ་བོ་ནི་བོད་པའི་རིག་གཞུང་དང་ལྷག་པར་དུ་ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་ནང་པའི་བསྟན་པ་དང་། བསྟན་པ་དེའི་ཤན་ཤུགས་ཐེབས་པའི་བོད་པའི་སྐད་ཡིག་དང་རིག་གཞུང་སོགས་རྩ་བརླག་ཏུ་འགྲོ་བ་ཡིན་ན་བློ་ཕམ་གྱི་དགོངས་པ་བཞེས་ཏེ། ཟམ་གདོང་རིན་པོ་ཆེ་ཆ་མཚོན་ན་དགུང་གྲངས་ ༤༠ ཙམ་མ་ཡིན་པར་ད་ལྟ་དགུང་གྲངས་ ༨༧ ཕེབས་ཡོད་ཀྱང་དེ་དག་གི་ཆེད་སྐུ་ལས་བསྐྱོན་ནས་ཕེབས་བསྡད་ཡོད། ད་ལྟ་རིན་པོ་ཆེ་ཝར་ནར་ཕེབས་བསྡད་འདུག དེར་བརྟེན། བཀའ་དྲིན་རྗེས་དྲན་བྱས་པ་དེ་ཞེ་དྲགས་ཡག་པོ་རེད་ལ་རྗེས་དྲན་ཞུ་འོས་པ་རེད་ཅེས་གསུངས་སོང་།

ཡང་ཁོང་གིས། དཔའ་བོ་ཟེར་ན་ཟམ་གདོང་རིན་པོ་ཆེ་ནི་ངེས་པ་དོན་གྱི་དཔའ་བོ་རེད། སྔོན་མ་བོད་ནང་ལ་མི་ཞིག་གིས་བོད་ཀྱི་དཔའ་བོ་སུ་སུ་བྱུང་བ་རེད་ཅེས་དྲིས་པར་བོད་ལ་དཔའ་བོ་མང་པོ་བྱུང་ཡོད་ཀྱང་། དཔའ་བོ་དམིགས་བསལ་བ་ཞིག་ནི་མི་ལ་རས་པ་རེད་ཅེས་ལབ་བཏབ་པ་རེད། དཔའ་བོ་ཟེར་ན་དམག་བརྒྱབ་ནས་གསོད་རེས་གཏུབ་རེས་བྱེད་མཁན་ལ་དཔའ་བོ་ཟེར་གྱིན་འདུག་ཀྱང་དོན་སྙིང་མེད་པ་རེད། དབྱིན་ཇིའི་གཏམ་དཔེ་ཞིག་ཏུ། མི་གཅིག་བསད་པ་ཡིན་ན་ལག་དམར་འབོད་པ་དང་མི་བརྒྱ་ཕྲག་བསད་པ་ཡིན་ན་དཔའ་བོ་ཟེར་གྱི་ཡོད་པ་དེ་ལའང་དོན་སྙིང་ཅི་གང་མེད། སྤྱིར་བཏང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་དང་མཆོད་མེར་ཕུལ་མཁན་རྣམས་དཔའ་བོ་རེད་དེ། དཔའ་བོ་མཆོག་ཏུ་གྱུར་བ་ནི་བོད་པའི་ཐུན་མོང་མ་ཡིན་པའི་ངོ་བོ་ཆོས་དང་རིག་གཞུང་། ཡ་རབས་བཟང་སྦྱོད་སོགས་ལ་བདག་པོ་རྒྱག་མཁན་རེད། ཅེས་གསུངས་སོང་།

དེ་བཞིན། དེ་རིང་དགེ་རྒན་གྱི་ཉིན་མོ་དང་བསྟུན། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས། ཞབས་ཞུ་ཁང་དེའི་སྐད་ཡིག་དང་ལག་ཤེས་སོགས་ཀྱི་དགེ་རྒན་ལྔ་ལ་དགེ་རྒན་ཉིན་མོར་ལེགས་སྐྱེས་རེ་ཕུལ་སོང་ལ། དེ་རིང་ཉིན་རྒྱབ་ཏུ་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་དགེ་རྒན་ཉིན་མོ་སྲུང་གཙིའི་ཆེད། མཁས་པའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་ཞུས་འདུག་ལ། བགྲོ་གླེང་གི་བརྗོད་གཞི་ཁག་ཏུ་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་ཁང་དང་གཞིས་དགོན། ཡུལ་གྱི་ཆགས་ཚུལ། ༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཤེས་གཉེན་བསྟེན་ཚུལ་དང་ཆོས་ཕྱོགས་ཀྱི་མཛད་རྗེས་སྐོར། དེང་རབས་ཀྱི་ཤེས་ཡོན་ཁྱད་མཁས་པ་ཞིག་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཤེས་ཡོན་སྐོར་གྱི་མཛད་རྗེས་ལ་ལྟ་ཚུལ་ཞེས་པ་སོགས་འདུག

དེ་རིང་༧སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་དགེ་རྒན་གྱི་ཉིན་མོར་གདན་ས་ཁག་དང་། རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག  དཔེ་སྟོན་སློབ་གྲྭ་དང་བོད་ཁྱིམ་སློབ་གྲྭ དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་དང་བཞུགས་སྒར་ཁུལ་གྱི་མི་མང་ཁག་ཅིག་གཙོ་བྱས་པའི་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་སོགས་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་རིན་པོ་ཆེའི་འཁྲུངས་སྐར་དང་དགེ་རྒན་ཉིན་མོ་དུས་གཅིག་ཏུ་སྲུང་གཙི་ཞུ་ཡི་འདུག

The post ཟམ་གདོང་རིན་པོ་ཆེ་མཆོག་ནི་ངེས་པ་དོན་གྱི་དཔའ་བོ་རེད། appeared first on བོད་ཀྱི་དུས་བབ།.

Original Article