འབྲས་སྤུངས་མཁན་ཁྲི་ཟུར་བ་དཀོན་མཆོག་དཔག་བསམ་མཆོག་དགོངས་པ་རྫོགས་པར་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་། དེ་བཞིན་བོད་མི་མང་སྤྱི་འཐུས་བཅས་ནས་ཐུགས་གསོ་ཞུས་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་འབྲས་སྤུངས་མཁན་ཁྲི་ཟུར་བ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགུང་གྲངས་ ༩༨ སྟེང་དུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་བརྟེན། འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་གཉིས་དང་། རྒྱ་གར་ལྷོ་ཕྱོགས་སུ་གཞུང་འབྲེལ་ཕེབས་གནང་མཁན་སྤྱི་འཐུས་གཉིས་བཅས་ཀྱིས་ཐུགས་གསོ་ཞུས་འདུག
འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་དམ་པ་ཁོང་ལ་གདུང་ཤུགས་དྲག་པོས་མྱ་ངན་གུས་འདུད་དང་གསོལ་འདེབས་སྨོན་ལམ་ཞུ་བ་དང་ཆབས་ཅིག་ཏུ། སྐྱེས་ཆེན་དམ་པ་ཁོང་ནི་༸གོང་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཇི་བཞིན་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་སླད་དུ་གཞན་ཕན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ནས་དུས་འདའ་ཞིང༌། འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པས། དམ་པ་ཁོང་གི་མཛད་བཟང་དག་གི་བཀའ་དྲིན་རྣམས་རྗེས་སུ་དྲན་པའི་ཐོག་ནས་ཕྱོགས་མཐའ་གང་སར་བཞུགས་པའི་ཤུལ་ལུས་དད་ལྡན་སློབ་མ་སྐྱ་སེར་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག དམ་པ་གང་གི་རླབས་ཆེན་ཐུགས་ཀྱི་དགོངས་པ་ཟབ་མོ་རྣམས་ཡོངས་སུ་རྫོགས་ཏེ་སླར་ཡང་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བོད་ཁ་བ་གངས་ཅན་པའི་བསྟན་འགྲོའི་མགོན་དཔུང་དུ་མཁས་བཙུན་བཟང་གསུམ་ལྡན་པའི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་འབྱོན་ནས་དམ་པ་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ནས་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་པའི་སྨོན་འདུན་ཤུགས་དྲག་དང་། ཤུལ་ལུས་སློབ་བུ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་ཞུ་བར་ཆེད་བཅར་གནང་འདུག
རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་༡༩༢༩ ལོར་བོད་ཤར་ཕྱོགས་སྨར་ཁམས་བྱང་དམར་གྲོང་ཚོའི་སྒེག་སྟེང་ཞེས་པའི་ཁྱིམ་དུ་ཡབ་འོད་ཟེར་དང་ཡུམ་སྒྲོལ་མ་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་གཞོན་དུས་ནས་གདན་ས་ཆེན་མོར་བཞུགས་ནས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་། དགེ་བའི་བཤེས་གཉེན་དག་གི་ཁྲོད་གྲགས་ཆེ་བ་ཚུལ་ཁང་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་། ཏྲེ་ཧོར་རྒན་བསོད་ནམས་མགོན་པོ། ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ། མཁན་ཟུར་རིན་པོ་ཆེ་རྒན་ཡེ་ཤེས་ཐུབ་བསྟན་སོགས་ཡོད་འདུག
རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་བཙན་བྱོལ་དུ་ཕེབས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་དགེ་རྒན་འོས་སྦྱོང་གནང་། ཁོང་གིས་སྔ་ཕྱི་དགེ་རྒན་གྱི་ཕྱག་ལས་ལོ་ ༢༡ ཙམ་གནང་ཡོད་ཅིང་། ཕྱི་ལོ་ ༡༩༧༥ ལོར་བློ་གསལ་གླིང་ལས་ཐོག་དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁང་མཁན་ཟུར་རྗེ་བཙུན་ཡེ་ཤེས་ཐུབ་བསྟན་གྱི་དྲུང་ནས་སློབ་གཉེར་གྱི་འཕྲོ་བསྐྱངས། གདན་གསུམ་མཁས་མང་དབུས་སུ་དམ་བཅའ་བཞག་སྟེ་ལྷ་རམས་རྩེ་ཕུད་གཉིས་པའི་མཚན་སྙན་བཞེས།
ཕྱི་ལོ་ ༡༩༩༥ ལོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར་བློ་གསལ་གླིང་གི་མཁན་ཁྲིར་ཕེབས་ཏེ། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་པའི་བསྟན་པར་མཛད་རྗེས་རླབས་ཆེན་བཞག་པ་དང་། དེ་ཡང་རྒྱུགས་སྤྲོད་ལེགས་བཅོས་དང་འཛིན་གྲྭ་ལྔ་པ་མན་ཆད་ཀྱི་གྲྭ་གཞོན་ཚོ་བོད་སློབ་ཚོགས་པའི་ཁོངས་སུ་བཅུག ཕྱི་ལོ་༡༩༩༨ ལོར་༸གོང་ས་མཆོག་དབུ་བཞུགས་ཐོག་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་བློ་གསལ་གླིང་གཉིས་བར་ཤེས་ཡོན་བརྗེ་རེས་ཀྱི་ཆིངས་ཡིག་ཐེངས་དང་པོར་མཚན་རྟགས་བཀོད་དེ་ལོ་རྒྱུས་ཐོག་ཏུ་བོད་ཀྱི་ཆོས་སྡེ་དང་ཨ་རིའི་མཐོ་སློབ་བར་ཤེས་ཡོན་བརྗེ་རེས་ཀྱི་ཟུང་འབྲེལ་ཡིག་ཆ་བཞག་པ་ཐེངས་དང་པོ་ཆགས། ཕྱི་ལོ་ ༡༩༩༩ ལོར་མཁན་ཁྲི་ལས་ཟུར་ཞུས་རྗེས། འབྲས་སྤུངས་ཁྲི་པ་གོང་མ་རྗེ་བློ་བཟང་བསྟན་པ་དང་མཁན་རིན་པོ་ཆེ་རྣམ་པ་སོགས་ཀྱིས་ཡང་ཡང་བསྐུལ་བ་ལྟར། ཕྱི་ལོ་ ༢༠༢༡ ཟླ་བ་ ༤ ཚེས་ ༢༣ ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་མཁན་ཁྲིར་མངའ་གསོལ་མཛད་ནས་ཆོས་ཕྱོགས་ཀྱི་མཛད་པ་མཐར་ཕྱིན་པ་གནང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས། appeared first on བོད་ཀྱི་དུས་བབ།.



