ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་དང་བལ་ཡུལ་ཤབ་རུའི་ཁྲོམ་ས་དང་ཉེ་ཁུལ་གྱི་ཁ་འཐོར་བོད་མི་རྣམས་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་མ་ཟད་བོད་མི་ཁག་ཅིག་ཆུས་ཁུར་ནས་གར་སོང་ཆ་མེད་དུ་གྱུར་འདུག
ཁ་སང་ཕྱི་ཚེས་ ༢༦ ཉིན་བལ་བོད་མཐའ་མཚམས་སྐྱིད་གྲོང་དང་ར་སུ་ཝ་ཁུལ་དུ་གློ་བུར་དུ་ཆུ་ལོག་དང་ས་རུད་ཀྱི་གོད་ཆག་ཆེན་པོ་བྱུང་ནས། ད་ལྟའི་བར་གནས་ཚུལ་ཐོན་པ་ལྟར་ན། ཉུང་མཐར་མི་གྲངས་ ༡༦༠ ལྷག་རྐྱེན་འདས་དང་། མི་གྲངས་ ༧༥༠ ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་བས་མི་རྒྱུ་གཉིས་ལ་གོད་ཆག་ཚབ་ཆེན་ཐེབས་ཡོད། རྒྱ་ནག་གཞུང་གིས་བོད་སྐྱིད་གྲོང་ཁུལ་དུ་མི་གྲངས་ ༣ རྐྱེན་འདས་དང་། མི་གྲངས་ ༥༥༨ ལྷག་གར་སོང་ཆ་མེད་དུ་འགྱུར་ཡོད་ལུགས་བསྒྲགས་འདུག་ཀྱང་། གསང་བ་དམ་པོ་བྱས་པའི་དབང་གིས་བོད་སྐྱིད་གྲོང་ཁུལ་གྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་པ་རེད། དེ་བཞིན་བལ་ཡུལ་ཤར་ཝ་ར་གསུམ་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་ཤབ་རུའི་ཁྲོམ་ས་དང་ཉེ་ཁུལ། ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་བཅས་སུ་བོད་མིའི་སྡོད་ཁང་ ༡༡ ཆུས་ཁུར་ཡོད་པ་མ་ཟད། ཁུལ་དེའི་བོད་མི་ཁག་ཅིག་ཆུས་ཁུར་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
འབྲེལ་ཡོད་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། བལ་བོད་སྐྱིད་གྲོང་ས་མཚམས་ཉེ་འགྲམ་གནས་འཁོད་ཀྲི་མུ་རེ་ (Timure) ས་གནས་དེར་གནས་སྡོད་བྱེད་མཁན་བོད་རིགས་དུད་ཚང་ལྔ་ཆུས་འཁྱེར་ཡོད་པ་དང༌། བོད་མི་སྐལ་བཟང་ཟླ་བ་དང་གཞན་ཁྱིམ་ཚང་ཞིག་གི་ནང་མི་རྣམས་གར་སོང་ཆ་མེད་དུ་གྱུར་ཡང་། བོད་རིགས་ཁྱིམ་ཚང་གསུམ་ཉེ་འགྲམ་གྱི་རིའི་སྒང་ལ་འཛེགས་ནས་ཉེན་ཁ་ལས་གྲོལ་ཡོད་འདུག དེ་བཞིན་ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཆ་དང་སྡོད་ཁང་གྲངས་ ༡༡ དང་། དེའི་ཉེ་འགྲམ་ཡུལ་སྡེ་ཆ་ཚང་ཆུས་བསྣུབས་ནས་གནོད་སྐྱོན་ཆེན་པོ་བཏང་བ་མ་ཟད། གཞིས་ཆགས་དེར་གཏན་སྡོད་བྱེད་མཁན་པོ་པོ་པ་སངས་ནོར་བུ་ལགས་དང་གཞན་ཞིག་གི་གནས་སྟངས་གསལ་པོ་བཤད་ཐུབ་ཀྱི་མི་འདུག དེ་བཞིན་བོད་མིའི་གཞིས་ཆགས་ཉེ་འགྲམ་གྱི་ཤབ་རུ་ཁྲོམ་ཆ་ཚང་ཆུས་བསྣུབས་ནས་བོད་རིགས་གཞོན་སྐྱེས་ཀརྨ་རྒྱ་མཚོ་ལགས་ཟ་ཁང་ནང་ཉལ་བསྡད་པའི་སྐབས་ཆུས་འཁྱེར་ནས་འདས་གྲོངས་སུ་ཕྱིན། ས་འཐུས་ཚོགས་གཙོ་བྱང་ཆུབ་ལགས་ཀྱི་ཁང་བརྩེགས་ཀྱང་ཆུས་འཁྱེར་ནས། བྱང་ཆུབ་ལགས་དང་ཁོང་གི་བཟའ་ཟླ་གཉིས་ལ་ད་བར་འབྲེལ་བ་མཐུད་ཐུབ་ཀྱི་མི་འདུག ཅེས་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པས། ཆུ་ལོག་རྐྱེན་པས་ར་སུ་ཝ་རྫོང་གི་ལམ་ཁ་དང་། གློག་ཁང་། མི་རྒྱུ་གཉིས་ལ་གྱོང་གུན་ཆེན་པོ་བཟོས་ཡོད་པ་དང་། བལ་ཡུལ་གཞུང་གི་ཐད་འཕུར་གནམ་གྲུ་བརྒྱུད་ད་བར་མི་གྲངས་ ༢༥༠ ལྷག་ཙམ་ལ་ཉེན་སྐྱོབ་དང་ཀ་ཐི་མན་ཌུ་ཁུལ་གྱི་སྨན་ཁང་འདྲ་མིན་ནང་སྨན་བཅོས་བྱེད་བཞིན་ཡོད་ལ། རྒྱ་ནག་གི་སྲིད་བློན་གཞོན་པ་ཀྲང་གོ་ཆིང་ (Zhang Guoqing) ཟེར་བ་བལ་བོད་ས་མཚམས་ཉེ་འགྲམ་སྐྱིད་གྲོང་ཁུལ་དུ་ཡོང་འདུག ཅེས་བརྗོད་བྱུང་།
ད་ལྟ་བལ་བོད་མཐའ་མཚམས་ཁུལ་དུ་ཆུ་ལོག་དང་ས་རུད་ཀྱི་གོད་ཆག་ཆེན་པོ་ཐེབས་ཡོད་སྟབས། རྒྱ་ནག་གཞུང་གིས་ཀྱང་ཛ་དྲག་གི་མྱུར་སྐྱོབ་ཀྱི་ལས་དོན་གཉེར་མུས་ཡིན་ལུགས་བསྒྲགས་འདུག་ལ། བལ་ཡུལ་གཞུང་གིས་ཛ་དྲག་མྱུར་སྐྱོབ་མི་སྣ་དང་། སྨན་ཞབས་པ། དམག་མི་སོགས་ཡུལ་དངོས་སུ་མངགས་ནས་མྱུར་སྐྱོབ་དང་གོད་ཆག་ཐེབས་པའི་མི་མང་ལ་རོགས་རམ་བྱེད་མུས་ཡིན་པ་མ་ཟད། ཐད་འཕུར་གནམ་གྲུ་བརྒྱུད་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་འཚོལ་ཞིབ་བྱེད་མུས་ཡིན་འདུག དེ་བཞིན་ཨ་རི་གཙོས་རྒྱལ་ཁབ་མང་པོ་ཞིག་གིས་བལ་ཡུལ་གཞུང་ལ་ངལ་སེལ་གྱི་རོགས་རམ་བྱས་དང་བྱེད་མུས་ཡིན་འདུག
ད་ལྟ་ཆུ་ལོག་དང་ས་རུད་དེའི་འབྱུང་རྐྱེན་ག་རེ་ཡིན་མིན་ཐད་བཤད་ཚུལ་མི་འདྲ་བ་ཡོད་ཀྱང་། ས་ཁམས་ཆེད་མཁས་པ་སོགས་ཀྱིས། ད་ལན་གྱི་ཆུ་ལོག་དང་ས་རུད་ནི་རྒྱ་ནག་གཞུང་གིས་བོད་ནང་གི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཏང་ནས། བོད་ཀྱི་འཁྱགས་རོམ་བཞུས་པའི་ཆུ་ཡུན་རིང་བསྐྱིལ་ནས་བརྟོལ་བ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་གི་གསང་བ་དམ་པོ་བྱས་པའི་དབང་གིས། དངོས་ཡོད་ཀྱི་གནས་ཚུལ་ཐད་རྒྱུས་ལོན་བྱ་ཐུབ་ཀྱི་མི་འདུག
འདི་ག་གསར་ཁང་གིས་གནས་ཚུལ་ཐོན་རིམ་བཞིན་མུ་འགོད་བྱ་རྒྱུ་ཡིན།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། appeared first on བོད་ཀྱི་དུས་བབ།.





