བོད་ནག་ཆུ་སྦྲ་ཆེན་རྫོང་དུ་ས་ཡོམ་བྱུང་རྗེས་དེ་འབྲེལ་གྱི་གནས་ཚུལ་དྲ་ཐོག་ཏུ་སྤེལ་མཁན་ཚོར་ཉེས་ཆད་གཅོད་ཀྱིན་འདུག
ཕྱི་ཚེས་ ༢༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ ཙམ་ལ་སོག་རྫོང་གི་སྐྱེས་པ་ཞིག་གིས། རྫ་གསེབ་གྲོང་རྡལ་ཁོངས་ཀྱི་གླེ་སོག་གསུམ་མདོའི་ཆུ་མཛོད་བརྡོལ་ལ་ཉེ་བས། ཆུ་མཛོད་ཀྱི་ཉེ་འདབས་སུ་མི་སྡོད་པར་ས་མཐོ་སར་སོང་ཞེས་དྲ་ཐོག་ཏུ་སྤེལ་བ་དེ་རྒྱ་གཞུང་གིས་དཀྲོག་གཏམ་དུ་ངོས་འཛིན་གྱིས་དམ་དྲག་བྱས་པ་དང་། གཞན་ཡང་ཉིན་དེར་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་བུ་མོ་ཞིག་གིས་སྦྲ་ཆེན་རྫོང་གི་ས་ཡོམ་གྱི་སྐོར་ལ་སྐད་འཕྲིན་ཚོགས་པའི་ནང་དཀྲོག་གཏམ་སྤེལ་འདུག་ཅེས་ཉེས་པ་ཁས་ལེན་བྱེད་དུ་བཅུག་པ་དང་། ཕྱི་ཚེས་ ༢༥ ཉིན་སྐད་འཕྲིན་དྲ་ལམ་དུ། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་བུ་མོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཁྲོད་མི་གྲངས་ ༣༢ རྐྱེན་འདས་ཕྱིན་འདུག་ཅེས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་སྤེལ་འདུག་པར། རྒྱ་གཞུང་གིས་དཀྲོག་གཏམ་མི་སྒྲོག་པ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་བཤད་པ་བཅས་དྲ་རྒྱ་ནི་ཁྲིམས་ཀྱི་ར་བའི་ཕྱི་ལོགས་སུ་ཡོད་པ་ཞིག་མ་རེད་ཅེས་དམ་དྲག་བྱས་ཏེ། ཁོ་ཚོ་ལ་རང་ཉིད་ཀྱི་བྱས་ཉེས་ལ་ངོས་ལེན་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་རུང་བའི་བརྙན་ཐུང་བཟོ་རུ་བཅུག་པ་དྲ་ལམ་དུ་ཁྱབ་འདུག
ད་བར་རྒྱ་ནག་གཞུང་འབྲེལ་གྱིས་ཕྱིར་བསྒྲགས་བྱས་པའི་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༡༦ དང་། རྨས་སྐྱོན་བྱུང་བའི་མི་གྲངས་ ༧༦ ལ་འགྱུར་བ་ཕྱིན་མེད་ཅིང་། བོད་པ་ནང་ཁུལ་དུ་རྐྱེན་འདས་ཀྱི་མི་གྲངས་ ༣༢ རེད་ལྟ་བུའི་གནས་ཚུལ་ནི་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཀ་འགལ་བ་ཡིན་པས། བོད་མི་ནང་ཁུལ་དུ་གནས་ཚུལ་བརྒྱུད་བསྒྲགས་ཐད་དམ་དྲག་བྱེད་པ་དང། མ་ཉེས་ཁ་གཡོགས་ཀྱི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པས། དྲ་ལམ་གནས་ཚུལ་སྤེལ་ས་གུ་དོག་ཏུ་ཕྱིན་འདུག དེ་བཞིན་རྒྱ་གཞུང་གིས་ར་བསད་ན་ལུག་འདར་ཞེས་པའི་དཔེ་ལྟར་བོད་མི་གསུམ་ལ་དངོས་སུ་ཉེས་པ་ཁས་ལེན་གྱི་བརྙན་ཐུང་བཟོ་རུ་བཅུག་སྟེ། བོད་ནང་གི་དྲ་དམངས་ཡོངས་ལ་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་ཆར་ཕྱི་ནང་གི་གསར་ཁང་དག་གིས་ས་ཡོམ་ཁྲོད་ཤི་རྨས་བྱུང་བའི་ཐད་ནས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལུང་འདྲེན་བྱེད་པ་ལས། ས་ཡོམ་ཡུལ་དངོས་ཀྱི་གནས་ཚུལ་ཡང་དག་རྒྱུས་ལོན་བྱེད་རྒྱུ་ཁག་པོ་ཆགས་ཡོད།
ཕྱི་ལོ་ ༢༠༢༦ ཨ་རིའི་རང་དབང་ཁང་པའི་དྲ་རྒྱའི་རང་དབང་སྐོར་གྱི་ཕྱི་ལོ་ ༢༠༢༥ ཟླ་ ༦ ནས་ཕྱི་ལོ་ ༢༠༢༦ ཟླ ༥ བར་གྱི་སྙན་ཐོའི་ནང་། རྒྱ་ནག་ནི་ད་བར་དུ་འཛམ་གླིང་གི་དྲ་རྒྱའི་རང་དབང་སྐྱོ་ཤོས་ཀྱི་ཅན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། འབར་མ་དང་ཨི་རན་གྱི་གནས་སྟངས་དང་གཅིག་མཚུངས་རེད་འདུག རྒྱ་ནག་ནང་དྲ་རྒྱའི་རང་དབང་གི་བརྒྱ་ཆ་ ༩ ་ལས་མེད་པ་དང་། དེ་ནི་སྙན་ཐོ་སྔོན་མ་དང་གཅིག་མཚུངས་སུ་གནས་ཡོད་འདུག དྲ་རྒྱ་བེད་སྤྱོད་ཀྱི་བཀག་རྒྱའང་བརྒྱ་ཆ་ ༢༥ ལས་ ༧ མ་གཏོགས་མེད་པ་དང་། ནང་དོན་ཚད་བཀག་ཐད་བརྒྱ་ཆ་ ༣༥ ལས་ ༢ མ་གཏོགས་མེད་པ། དྲ་རྒྱ་སྤྱོད་མཁན་གྱི་ཁེ་དབང་རྡོག་རོལ་ཐད་བརྒྱ་ཆ་ ༤༠ ལས་ ༠ བཅས་རེད་འདུག
སྙན་ཐོ་དེའི་ནང་ལོ་བཅུ་ཕྲག་ལྷག་གི་རིང་ལ་རྒྱ་ནག་གི་དྲ་རྒྱ་སྤྱོད་མཁན་ཚོ་འཛམ་གླིང་གི་དྲ་རྒྱའི་རང་དབང་སྐྱོ་ཤོས་འོག་གནས་ཡོད་པ་དང་། མི་རྣམས་ཀྱིས་གསར་འགྱུར་བརྒྱུད་བསྐུར་དང་། ནང་ཆོས་སྐོར་ལ་ལབ་གླེང་། ཕྱི་རྒྱལ་གྱི་ནང་མིར་འབྲེལ་བ་བྱས་པ་སོགས་ཀྱི་ཐད་ནས་ཁྲིམས་ལུགས་དང་ཁྲིམས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་ཉེས་ཆད་འཕོག་གི་ཡོད་པ། དེ་བཞིན་རྒྱ་གཞུང་གིས་དྲ་ཐོག་གི་གན་ཚུལ་གྱི་ནང་དོན་ལ་ཞིབ་བཤེར་བྱས་ཏེ། གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་བསམ་ཚུལ་སོགས་བསུབ་ཐབས་བྱེད་ཀྱི་ཡོད་ཅེས་བསྒྲགས་འདུག འཛམ་གླིང་སྤྱི་ཡོངས་ནས་བལྟས་ན། སྙན་ཐོ་དེས་དྲ་རྒྱའི་རང་དབང་ལོ་ ༡༦ ལྷག་གི་རིང་ལ་རྒྱུན་ཆད་མེད་པར་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་བསྟན་ཡོད་ལ། སྦྲ་ཆེན་རྫོང་གི་ས་ཡོམ་གྱི་ཐད་ནས་དཀྲོག་གཏམ་རེད་ཅེས་ཉེས་ཆད་གཅོད་པ་ནི་སྙན་ཐོའི་རྗེས་སུ་བྱུང་བ་ཡིན་མོད། དེ་ནི་སྙན་ཐོའི་ནང་གི་འགྲེལ་བཤད་དང་མཐུན་གྱི་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་བོད་ནག་ཆུ་ཁུལ་གྱི་དམར་རུ་ཡུལ་ཚོ་དང་གངས་ཆེན་ཡུལ་ཚོ་རུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག་པ་དང་། ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ བར་དུ་ས་ཡོམ་ཕྱི་མ་ཐེངས་ ༢༠༥༤ བྱུང་འདུག་པ་དང་། དེའི་ཁྲོད་དུ་ཚད་རིམ་ ༣.༠ མན་ཐེངས་ ༡༩༩༣ བྱུང་བ་དང་། ཚད་རིམ་ ༣.༠ ཡན་ཐེངས་ ༦༡ བྱུང་འདུག དེའི་ཁྲོད་ཀྱི་ཚད་རིམ་མཐོ་ཤོས་ནི་ ༥.༧ ཡིན་འདུག
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།
The post རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར། appeared first on བོད་ཀྱི་དུས་བབ།.

