རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

3 hours ago

རྒྱ་ནག་གཞུང་གིས་རྒྱ་གར་དབུས་གཞུང་ནས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁོངས་ཀྱི་རི་ཆུ་ལུང་གསུམ་ལ་མིང་བཏགས་ནས་ས་ཁྲར་གཏན་འབེབས་བྱས་པར་སྐྱོན་བརྗོད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་གར་དབུས་གཞུང་དང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ། ད་ལྟ་རྒྱ་གར་གཞུང་གི་མངའ་ཁོངས་སུ་ཡོད་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁོངས་ ༢༧ ལ་ས་མིང་དང་ས་ཚིགས་གཏན་འབེབས་བྱས་ཏེ། རི་ཆུ་ལུང་གསུམ་གྱི་ས་ཚིགས་དེ་དག་རྒྱ་གར་ས་ཞིབ་སྡེ་ཚན་(SOI) གྱི་གཞུང་འབྲེལ་ས་ཁྲའི་ཐོག་ཏུ་གཏན་འབེབས་བྱས་ཡོད་སྟབས། ཁ་སང་ཕྱི་ཚེས་ ༩ ཉིན་ཆིན་ཧྭ་སློབ་ཆེན་གྱི་རྒྱལ་ཁབ་ཀྱི་ཐབས་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཆན་ཧྥང་(Qian Feng) ཟེར་བ་ཞིག་གིས། རྒྱ་གར་གཞུང་གིས་མཐའ་མཚམས་ཀྱི་གནད་དོན་ཆེ་རུ་གཏོང་མི་ཉན་ཞིང་། དེས་ད་ལྟ་འཕེལ་རྒྱས་ལ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་འགོག་རྐྱེན་བཟོ་སྲིད་ལུགས་སོགས་བཤད་འདུག 

 གནད་དོན་དེ་དང་འབྲེལ་ནས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱིས། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་རི་ཆུ་ལུང་གསུམ་ཚུད་པའི་ས་ཁུལ་གྱི་མིང་སོགས་གཏན་འབེབས་དང་། དེ་དག་རྒྱ་གར་གྱི་ས་ཁྲའི་ཁོངས་སུ་གཏན་འབེབས་བྱས་ཡོད་པའི་མུར། ད་ལན་རྒྱ་གར་དབུས་དང་ས་གནས་སྲིད་གཞུང་གིས་མཉམ་འབྲེལ་བྱས་ཏེ་གཏན་འབེབས་བྱས་པའི་ས་ཚིགས་དེ་དག་ཀྱང་། རྒྱ་གར་མི་མང་གི་ཁྲོད་དུའང་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་པའི་མུར། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་ཀྱང་ཧིན་བོད་མཐའ་མཚམས་ཁུལ་དུ་འགོག་སྲུང་ནན་མོ་བྱེད་མུས་ཡིན་སྐོར་སོགས་བརྗོད་འདུག 

རྒྱ་ནག་གི་ཆིན་ཧྭ་སློབ་ཆེན་རྒྱལ་ཁབ་ཀྱི་ཐབས་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཆན་ཧྥང་ཟེར་བས། རྒྱ་ནག་གིས་ས་ཁུལ་དེའི་ནང་ས་མིང་ཚད་ལྡན་བཟོས་ཏེ་དུས་ཡུན་རིང་པོ་ཞིག་ནས་ལག་བསྟར་བྱེད་བཞིན་ཡོད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་ཡར་རྒྱས་ཀྱི་རྣམ་པ་ཐོན་བཞིན་པ་དང་། ཕྱོགས་གཉིས་ཀྱི་མགོ་ཁྲིད་ཚོའི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་མུས་ཡིན་པའི་སྐབས་འདིར། རྒྱ་གར་གྱིས་ས་མཚམས་ཀྱི་གནས་སྟངས་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་ནི་དོན་སྙིང་མེད་པ་མ་ཟད། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་ཕན་ཐོགས་མེད། ཅེས་རྒྱ་ནག་གཞུང་གི་མགྲིན་པ་ལྟ་བུར་གྱུར་བའི་རྒྱ་ནག་གོ་ལའི་དུས་བབ་ལ་བཤད་ཡོད་པ་ལས། རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པས་འདིའི་སྐོར་གང་ཡང་བཤད་མེད་ཀྱང་། རྒྱ་ནག་གོ་ལའི་དུས་བབ་ཀྱིས་བོད་ཀྱི་ལྷོ་རྒྱུད་ཟེར་བའི་ས་ཆའི་བདག་དབང་ནི་རྒྱ་ནག་ལ་ཡོད་ཚུལ་བཤད་འདུག 

ད་ལན་རྒྱ་གར་གཞུང་གིས་ས་ཚིགས་ ༢༧ ངོས་འཛིན་དང་གཏན་འབེབས་བྱས་པའི་ཁྲོད། རྒྱ་གར་ཨ་རུ་མ་ནའ་མངའ་སྡེའི་ཁོངས་ཀྱི་ས་མིང་ ༢༡ དང་། ལ་ ༤། མཚོ་ ༡། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་ཧིན་བོད་མཐའ་མཚམས་ཁུལ་དུ་བྱུང་བའི་དམག་འཁྲུག་གི་རྗེས་དྲན་གྱི་ས་ཚིགས་ཤིག་བཅས་ཡོད་འདུག་ལ། ས་གནས་དེ་དག་ནི་ད་ལྟ་རྒྱ་གར་གཞུང་གིས་འགོག་སྲུང་ནན་མོ་བྱེད་མུས་ཡིན་པའི་གནད་འགག་ཆེ་བའི་ས་ཚིགས་ཤ་སྟག་ཡིན་པ་རེད། དཔེར་ན། དེང་སྐབས་དམག་དོན་དང་ཐབས་ཇུས་ཀྱི་ཐོག་ནས་ཆེས་གནད་འགག་ཆེ་བའི་མཛོ་ལ་(Dzo La) དང་། རི་ཛ་ལ (Riza La) ། པུ་ཀུར་ལ་ (Pukur La) བཅས་དང་། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གི་དམག་དཔུང་དབར་འཐབ་འཁྲུག་མགོ་འཛུགས་བྱ་སའི་ཐག་ལ་(Thag La) བཅས་སོགས་ཚུད་ཡོད་འདུག 

འདས་ལོའི་ཕྱི་ཟླ་ ༥ ཚེས་ ༡༡ ཉིན་རྒྱ་ནག་དམངས་སྲིད་ལྷན་ཁང་ (Ministry of Civil Affairs) གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་གི་མིང་གཞུང་ཐེངས་ལྔ་པ་ཟེར་བ་ཞིག་ཕྱིར་བསྒྲགས་བྱས་ཏེ། མངའ་སྡེ་དེའི་སྡོད་མང་ཁུལ་ ༥ དང་། རི་བོ་ ༡༩། རྒྱུག་ཆུ་ ༣ བཅས་ཁྱོན་མིང་གསར་པ་ ༢༧ བཏགས་ཡོད་པ་དང་། ཕྱི་ལོ་ ༢༠༢༣ དང ༢༠༢༤  གཉིས་སུའང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་མང་དག་ཅིག་ལ་ས་མིང་བཏགས་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་བཟུང་ད་བར་ཨ་རུ་ན་ཅལ་གྱི་རི་ཆུ་ལུང་གསུམ་དང་སྡོད་མང་ཁུལ་ ༨༩ ལ་མིང་གསར་པ་བཏགས་ནས་བདག་དབང་ཡོད་ཚུལ་བརྩད་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས།  appeared first on བོད་ཀྱི་དུས་བབ།.

Original Article